དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་18པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྒྲིལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ་བཅས་ནི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།

    རྩོམ་ཡིག་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་ཤིང་། དང་པོ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། རྒྱང་ལམ་གསར་པར་ང་ཚོས་གང་ཞིག་ལ་བརྟེན་ནས་སྔར་བས་ནུས་སེམས་གཅིག་ཏུ་སྒྲིལ་དགོས་སམ། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་འདིར་དམིགས་ནས་ལས་དོན་སྤེལ་དགོས། གཉིས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྩ་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། 《གཏན་འབེབས》ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་བརྩི་སྲུང་ཞུ་དགོས་པའི“མཐའ་འཁྱོངས་དྲུག”གི་རྩ་དོན་བཏོན་པ་དེ་ནི། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་ཞིག་རེད་ལ། རང་རེའི་ཏང་གིས་སྒྱུར་བཅོས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ཚན་རིག་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་ཆེར་བཏང་སྟེ་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། གསུམ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་དེ་དག་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་པ་དང་། སྒྱུར་བཅོས་ཀྱི་དགོངས་པར་གོ་བ་ཡག་པོ་ལེན་པ། སྒྱུར་བཅོས་ཀྱི་ཁ་ཕྱོགས་སྟངས་འཛིན་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། བཞི་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྩ་བའི་འགན་ལེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ལས་དོན་སྤེལ་ནས་སྒྱུར་བཅོས་ཉིད་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྒྱུད་མདུན་དུ་སྐྱོད་པར་འགན་ལེན་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། 《གཏན་འབེབས》ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་དགོས། དང་པོ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། སྒྲིག་འཛུགས་ཞིབ་ཚགས་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག སྔོན་ཚུད་གོ་རིམ་བཅས་ཚན་རིག་དང་མཐུན་པའི་ངང་བཟོས་ནས་སྒྱུར་བཅོས་ལག་བསྟར་གྱི་བྱེད་པོ་དང་འགན་འཁྲི་ཁག་ཁ་གསལ་བཟོ་དགོས། གཉིས་པ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། སྔོན་འཛུགས་རྗེས་གཏོར་དང་མ་བཙུགས་ན་མི་གཏོར་བ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་འཐབ་ཇུས་ཀྱི་གཙོ་གནད་ཁོང་དུ་ཡང་དག་ཆུད་པ་དང་། སྒྱུར་བཅོས་བྱ་ཐབས་ཀྱི་སྔ་ཕྱིའི་གོ་རིམ་དང་དལ་ལྷོད་རན་པོ་བཀོད་སྒྲིག་ལུགས་མཐུན་བྱེད་པ། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ། རང་གནས་རིང་ལུགས་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། གསུམ་པ། འཚོལ་ཞིབ་དང་གསར་གཏོད་ལ་ལྕག་སྐུལ་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བཙུགས་ནས་ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་རྩ་དོན་དང་། གསལ་བཏོན་གནང་བའི་བྱེད་ཐབས། བཏོན་གནང་བའི་བླང་བྱ་བཅས་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། དེ་དང་དུས་མཚུངས་རང་ངོས་ལ་འཕྲད་པའི་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་གནད་ལ་འཁེལ་པོས་བཙལ་ནས་དོན་དངོས་དང་འཚམ་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་ཞིབ་ཕྲ་བཟོ་དགོས།

     ཁྱབ་ཁོངས་གསར་པ་དང་ལག་ལེན་གསར་པར་འཕྲད་པའི་གནད་དོན་གསར་པར་གཞི་རིམ་དང་མང་ཚོགས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱས་ནས་གསར་འབྱེད་གསར་གཏོད་ལ་ལྕག་སྐུལ་བྱེད་དགོས། བཞི་པ། ཕན་འབྲས་དངོས་ཐོན་པར་བརྩོན་ལེན་གང་ལེགས་བྱེད་དགོས། འགན་འཁྲི་ཁ་གསལ་དང་། སྦྲེལ་ཐག་ཆ་ཚང་། གཅིག་ལ་གཅིག་སྦྲེལ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྒྱུར་བཅོས་ཀྱི་ཇུས་གཞི་འགོད་པ་ནས་སྒྱུར་བཅོས་སྒྲིག་འཛུགས་དང་ལག་ལེན་བསྟར་བའི་བར་ཚང་མར་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཕན་པ་དང་གནད་དོན་ཐག་གཅོད་བྱེད་པར་ཕན་པ་དགོས་པ་དང་། ཡིག་ཆ་བཟོ་བར་མཐོང་ཆེན་དང་དོན་འཁྱོལ་ལ་སྣང་ཆུང་བྱེད་པ་སོགས་ཀྱི་ཕྱོགས་ལྷུང་ངན་པ་སྔོན་འགོག་བྱེད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། ལོ་སྨད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དང་པོ། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས། གཞི་ཆེའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་ཧུར་ཐག་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་གང་མགྱོགས་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོར་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། གཉིས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། རང་བྱུང་གནོད་འཚེ་དང་། ལྷག་པར་དུ། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་དྲ་བ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་ནས་རང་ཉིད་ལ་ཕན་པའི་ཕྱི་རོལ་ཁོར་ཡུག་རང་འགུལ་ངང་གཏོད་དགོས། གསུམ་པ། “ལོ་ལྔའི་འཆར་འགོད”ཀྱི་ཕྱོགས་སྡོམ་ཚོད་སྐོར་དང་ཇུས་འགོད་ལས་དོན་ཡག་པོ་སྒྲུབ་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་སྡོམ་དང་དཔྱད་དཔོག་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་སྔོན་ཇུས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། བཞི་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་སེལ་ཐབས་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ནུས། འཐབ་འཛིང་བྱེད་ནུས་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།