དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུས་ཤུགས་ཡོད་རྒུས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།

    ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2024-09-16

    “རྒྱལ་སྟོབས་ཆེ་ཆུང་མི་ལ་ཐུག ཡོན་ཏན་ཡོད་ཚད་སྦྱངས་པར་བརྟེན”སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱ་ཐབས་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་གནང་བ་མ་ཟད། རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་འཛིན་པའི་ངོས་འཛིན་མཐོ་ཚད་གསར་པར་མཐོར་འདེགས་བྱས་ཏེ། ང་ཚོས་གཏན་འཁེལ་བྱས་པའི་དམིགས་ཚད་ཕྱོགས་སུ་ཏན་ཏིག་ངང་སྐྱོད་པ་དང་ནུས་ཤུགས་ཡོད་རྒུས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཞིག་རྩོམ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དར་རྒྱས་ཀྱི་རྩ་བ་ཡིན། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་རེད་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལྟེ་བའི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“མི་སྐྱོང་གི་རྩ་བ་དེ་མི་བཟང་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད”ཅེས་བཏོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་བཞག་ཅིང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་ཕན་སྦྱར་ལས་གཞི་ཞིག་ཡིན་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་གིས་དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་དགོས། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། གཞོན་ནུ་ལོ་ཆུང་སློབ་མའི་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དད་སེམས་བཅས་བརྟན་དུ་བཏང་སྟེ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་བརྟན་པོ་འཛུགས་པ་དང་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་མཁན་ཞིག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལག་ལེན་ཁྲོད་མི་སྣ་གསོ་སྐྱོང་དང་དྲ་རྒྱའི་ཐོག་ནས་མི་སྣ་གསོ་སྐྱོང་བྱེད་པའི་བར་མཐོངས་དང་གཡུལ་ས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    གནད་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བ་དང་གནད་དོན་དབྱེ་ཞིབ་གཏིང་ཟབ་ཐུབ་ཚེ། གཞི་ནས་ལས་དོན་གནད་སྨིན་ངང་སྤེལ་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་རྙོག་འཛིང་ཆེ་བའི་མ་ལག་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་སྔར་བས་ངོས་འཛིན་མཐོར་འདེགས་དང་འབྲེལ་བ་གསལ་བཟོ་བྱས་ཏེ། གཏན་འཁེལ་གྱི་འབད་འཐབ་དམིགས་ཚད་ལ་གཞིགས་ནས་མདུན་སྐྱོད་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་ཞིང་། དེ་གསུམ་ནང་གནས་གཅིག་མཐུན་དང་ཕན་ཚུན་འདེགས་སྐྱོར་ཞིག་ཡིན་པས། དེ་གསུམ་པོ་ཟུང་འབྲེལ་དམ་ཚགས་བྱས་ཏེ་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་དང་ཤེས་ལྡན་པར་སློབ་གསོས་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་བཏང་ཚེ། གཞི་ནས་གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་མགྱོགས་མྱུར་གསོ་སྐྱོང་བྱེད་ཐུབ་ངེས་ཡིན་པ་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས།

    2035ལོར་སླེབས་སྐབས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་དུས་ཚོད་ཀྱིས་མི་མི་སྒུག་པ་དང་། ལྷག་པར་དུ་ཕྱོགས་ཁག་དབར་མཉམ་ལས་དམ་ཟབ་དང་ཕྱོགས་མཐུན་ཤུགས་འདོན་གྱིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་བྱ་གཞག་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ལ་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད”གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ནས། “མི་བཟང་གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ”དང“ཆུ་ཚད་མཐོ་བའི་སློབ་གསོའི་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ”བཏོན་ཡོད། 《སྤུས་ལེགས་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》དང《སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཀྲུང་དབྱང་གི་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་བཀྲམ་པས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཡག་པོ་འཚོགས་ཏེ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འོས་འགན་སློབ་གསོའི་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གསོའི་སྐོར་གྱི་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་སློབ་གསོའི་ཚན་ཞིབ་མཉམ་ལས་རྒྱ་ཆེར་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། ཡིད་ཆེས་བརྟན་གཏོང་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་དང་རྒྱུན་མི་ཆད་པའི་རྨང་གཞི་གཙོ་བོ་སློབ་གསོར་ཐུག་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་རྨང་གཞི་སློབ་གསོར་ཐུག་ཡོད་ཅེས་གསུངས་ཡོད། རྒྱང་ལམ་གསར་པར་མི་གསོ་སྐྱོང་བྱེད་པར་ལོ་བརྒྱའི་འཐབ་ཇུས་ཀྱི་མིག་རྒྱང་དང་། བརྒྱ་འགྲན་སྟོང་འགྲན་གྱི་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་རང་འགུལ་ངང་སྔ་སྣུར་དུ་བཀོད་སྒྲིག་བྱེད་པ་དང་། འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ། ནུས་ཤུགས་ཡོད་རྒུས་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཚེ། གཞི་ནས་སློབ་གསོ་དེང་རབས་ཅན་ལ་གང་མགྱོགས་སྐུལ་འདེད་གཏོང་ཐུབ་པ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་ཐུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།