དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-09-15

    ཟླ་9ཚེས་9དང་10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་ཀྱི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    “སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་རེད”རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཐོན་པའི་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་གཞི་རྩའི་ཐབས་ལམ་ལ་གོ་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཐག་གཅོད་ཡང་དག་བྱེད་དགོས་པའི་འབྲེལ་བ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བཅས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད། དེ་ལས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་དགོས་དོན་གང་ཡིན་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གང་འདྲ་ཞིག་སྐྲུན་དགོས་པ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཇི་ལྟར་སྐྲུན་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པ་དང་། དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སློབ་གསོ་དེང་རབས་ཅན་ལ་གང་མགྱོགས་འགྱུར་བར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་བསྐྲུན་པ་ནས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆར་ཁྱོན་ཡོངས་ནས་དོ་སྙོམས་མངོན་འགྱུར་བྱུང་བའི་བར་དང་དེ་ནས་སློབ་གསོའི་སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ཟབ་ཏུ་བཏང་བའི་བར་སོགས་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་སྤོས་ནས། སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཕན་འབྲས་དེ་བས་མངོན་གསལ་དོད་པ་དང་། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ། སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་སྔར་བས་ཟབ་ཏུ་ཕྱིན་པ། རྒྱལ་སྤྱིའི་ཐོག་ཀྲུང་གོའི་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་བཅས་བྱུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འཕེལ་རྒྱས་འགྲོ་ལམ་ནི་རྦད་དེ་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྔོན་ཁྲིད་ལས་འགན་དང་། རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན་པས། ངེས་པར་དུ་གཏན་འཁེལ་བའི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས”ཞེས་ནན་བཤད་གནང་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་བལྟས་ན། འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེན་མཐའ་དག་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མ་ཡིན་པ་གཅིག་ཀྱང་མེད། སློབ་གསོ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྟོབས་ཆེན་ཆགས་པའི་གནད་འགག་རེད།

    འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་ཀྱི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོས་ན། གཞི་ནས་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་རྩ་བརྟན་དུ་གཏོང་ཐུབ་པ་དང་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་རྨང་གཞི་བརྟན་དུ་གཏོང་ཐུབ།

    2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྐོར་ལ་ལེའུ་ལོགས་སུ་བཀར་ནས་བཀོད་སྒྲིག་བྱས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་དུང་བརྡ་བཏང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེ་རུ་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་བ་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་གི་སྒྱུར་བཅོས་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་ནས་འགོ་བརྩམས་ཏེ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། དེར་བརྟེན། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམིགས་པ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་དམིགས་པ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ། བྱས་རྗེས་དངོས་དོན་གཉེར་དང་། ཐབས་ཇུས་གནད་འཁེལ་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཚེ། རྒྱང་ལམ་གསར་པར་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།