ཁྲེན་ཝུན་ཆིང་གིས་བོད་ལྗོངས་དང་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ནས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་བོད་ལྗོངས་དང་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས། སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བོད་ལྗོངས་ལྷ་ས་དང་ཆབ་མདོར་ཁྲེན་ཝུན་ཆིང་སྲིད་ཁྲིམས་ཚན་པ་དང་ལས་སྒྲུབ་ཀྱི་འཐབ་ས་མདུན་མར་ཕེབས་ནས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཆབས་ཅིག བོད་ཀྱི་སྲིད་ཁྲིམས་ལས་དོན་སྙན་སེང་གསན་པ་རེད། སི་ཁྲོན་དཀར་མཛེས་སུ་ཁྲེན་ཝུན་ཆིང་གིས་བོད་འབྲེལ་གྱི་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་ཞིང་། ཁོང་གིས། སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་ལས་འགན་ཨང་དང་པོར་མུ་མཐུད་བརྩི་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁྲེན་ཝུན་ཆིང་གིས་བླང་བྱ་བཏོན་དོན། བློ་བརྟན་འགྱུར་མེད་ངང་ཁྲིམས་བཞིན་བོད་སྐྱོང་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་གི་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གལ་ཆེན་དེ་བས་ཡག་པོ་བཏོན་ཏེ་མི་སེམས་གཅིག་ཏུ་སྒྲིལ་བ་དང་མང་ཚོགས་ལ་མཐུན་སྒྲིལ་བྱེད་དགོས། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་གུ་ཡངས་དང་དྲག་འཇུན་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆད་གཅོད་དང་འགོག་ཟོན་མཉམ་འཛིན་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་ཉེན་ཁར་འགོག་ཟོན་དང་། ཉེས་གསོག་ལ་རྡུང་རྡེག བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས།
ཁྲེན་ཝུན་ཆིང་གིས་ནན་བཤད་གནང་དོན། སྲིད་ཁྲིམས་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱི་རྒྱལ་ཁབ་བདེ་འཇགས་འགན་འཁྲིའི་ལམ་ལུགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་དགོས། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
བརྟག་ཞིབ་གནང་རིང་། ཁྲེན་ཝུན་ཆིང་གིས་འཐབ་ས་མདུན་མའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས། དུས་ཡུན་རིང་པོའི་ནང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་ས་མཐོར་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཁམས་བདེ་བཅས་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཕུལ་ཡོད། ཉེན་རྟོག་པ་ནན་སྐྱོང་དང་ཉེན་རྟོག་པར་ལྟ་སྐྱོང་ཡག་པོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་གང་ཅིའི་ཐད་ཀྱི་འགན་སྲུང་བྱེད་ཐབས་དོན་འཁྱོལ་ཡག་པོ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་དམག་ཧྲག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཏེ། ཏང་དང་མི་དམངས་ལ་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་ཞེས་གསུངས་པ་རེད།