ཁ་གཏད་བོད་སྐྱོར་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ།
བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ཏེ་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱས་ནས་མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་རེད། ལོ་30ཡི་རིང་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཁབ་ཀྱིས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། འབྲེལ་ཡོད་ཞིང་ཆེན། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་པ། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གསར་གཏོད་ལས་དོན་སྤེལ་བ་བརྒྱུད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།
ཁ་གཏད་བོད་སྐྱོར་ལས་མི་རིགས་ཁག་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་ཐུན་མོང་ཐོག་བསྐྱོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད། རང་རྒྱལ་གྱི་མངའ་ཁོངས་ས་རྒྱ་ཆེ་ཞིང་མི་འབོར་མང་བས་ས་ཁུལ་ཁག་གི་རྨང་གཞིའི་ཆ་རྐྱེན་ལ་ཧེ་བག་ཆེན་པོ་ཡོད། ཁ་གཏད་བོད་སྐྱོར་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ། ས་ཁོངས་དབར་གྱི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐུབ་ནས་མཐར་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས་བོད་འདི་ཉིད་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་ལས་བསྒྲལ་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། ཉེ་བའི་ལོ་ཤས་རིང་། ཁ་གཏད་བོད་སྐྱོར་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་ཕྱིན་ནས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་དག་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ནས་གཞི་རིམ་མང་ཚོགས་ལ“དམངས་ཕན་གློག”ཁྲིད་པ་དང་།“ཕྱུག་འགྱུར་ལམ་བུ”བཟོས་པ། “འཚོ་བའི་སྣུམ”ལ་འགན་ལེན་བྱས་པ།“བདེ་སྐྱིད་དྲ་བ”བཙུགས་པ་དང་། ཐོན་ལས་བོད་སྐྱོར་བྱས་ནས་ཐོན་ལས་གླིང་ཁག་གཅིག་མཉམ་དུ་བསྐྲུན་ཏེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་དང་། སྤུས་རྟགས་གཏོད་པ། ཚོང་ལམ་རྒྱ་ཆེར་གཏོང་བ་བཅས་ལ་རོགས་རམ་བྱས་པ། ལས་ཞུགས་བོད་སྐྱོར་བྱས་ནས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུའི་ཡིད་དབང་བཀུག་ཡོད། ཁ་གཏད་བོད་སྐྱོར་གྱི་རྒྱུན་མཐུད་སྐུལ་འདེད་འོག་ཐོན་ལས་ཀྱི་གྲུབ་ཆ་ཉིན་རེ་བཞིན་ལུགས་མཐུན་དུ་གྱུར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་བྱུང་ཡོད།
ཏང་གི་བོད་སྐྱོར་ལས་དོན་གྱིས“རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག”ལ་དམིགས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་བོད་དང་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དབར་གྱི་འབྲེལ་བ་དེ་བས་དམ་དུ་ཕྱིན་ཡོད། ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་ཁ་གཏད་བོད་སྐྱོར་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཚང་མར་ཁྱབ་པ་མཐའ་འཁྱོངས་བྱས་ནས་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་ཐེངས་10ཡི་མི་ཁྲི་1.2ཙམ་བོད་དུ་ལས་དོན་སྤེལ་བར་བཏང་བས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་དྲོ་སྐྱིད་དང་ཐུགས་ཁུར་དང་དེ་བཞིན་རྒྱལ་ཡོངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཚོར་ཐུབ་པ་བྱུང་ཡོད།
དམངས་འཚོ་དམངས་སེམས་དང་འབྲེལ་བ་དང་། དམངས་སེམས་ཀྱིས་དམངས་ཤུགས་གཅིག་ཏུ་བསྒྲིལ་ཡོད། བོད་སྐྱོར་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་དུ་སྒྲིལ་བ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་སྐོང་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་ཐུབ་པ་བྱས་ཐོག་ཚང་མས་ད་ཆའི་འཚོ་བ་ཡག་པོ་དེ་གང་ནས་བྱུང་བ་དང་། སུས་བོད་ཀྱི་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བར་འབད་འཐབ་ལྷོད་མེད་བྱས་པ། སུའི་རྗེས་སུ་འབྲང་ནས་ལས་ཀ་བྱེད་དགོས་པ་བཅས་གསལ་པོར་ཤེས་ཡོད། ལོ་དེ་དག་ནང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་པས་བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་སྤྱི་ཚོགས་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
ཁ་གཏད་བོད་སྐྱོར་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་བའི་གར་སྟེགས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྤྱི་ཚོགས་རྨང་གཞི་བརྟན་དུ་བཏང་ཡོད། བོད་སྐྱོར་རྣམ་གྲངས་ནི་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཞུགས་པའི་སྟེགས་བུ་ཞིག་ཡིན་ཞིང་། ལས་བྱེད་པ་དང་མང་ཚོགས་ཚོས་ནུས་ཤུགས་མཉམ་འདོན་དང་། རྔུལ་ཆུ་མཉམ་འདོན། བརྩེ་སེམས་གཅིག་སྒྲིལ་བཅས་བྱས་ཏེ་ཐུན་མོང་ཐོག་འབད་འཐབ་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་ཁྲོད་མི་རིགས་ཁག་དབར་བསམ་ཤེས་དང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པས། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་བསམ་བློའི་འདུ་ཤེས་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་ཡོད།
དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་རོགས་སྐྱོར་བྱེད་སྟངས་དང་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ས་ཁོངས་ལས་བརྒལ་ནས་སྐོར་སྐྱོད་ལས་ཞུགས་དང་། འདྲེས་སྡོད། ཚོང་གཉེར། སློབ་གཉེར། གླ་པ་རྒྱུག་པ་སོགས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་རིག་གནས་མཉམ་སྡུད་མཉམ་གསོག་དང་། དཔལ་འབྱོར་གཅིག་ལ་གཅིག་བརྟེན། བརྩེ་སེམས་ཟབ་པ་བཅས་མཚོན་པར་བྱེད་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “མོས་སེམས་ལྔ”ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས།
(རྩོམ་པ་པོ་ནི་པེ་ཅིང་གྲོང་ཁྱེར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མངགས་གདན་ཞུས་ཞིབ་འཇུག་པ་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན)