“ཧྥེ་ཀྲུང་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་མ་ཐེབས་ཡོད”
—— ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་དབྱི་ས་མུའུ·ཧྲ་ལ་ཧྥུའུ་ལ་བཅར་འདྲི་བྱས་པ།
“2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱིས་ཧྥེ་ཀྲུང་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཧྥེ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་རེད”ཅེས་2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་འཚོག་རིང་ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་དབྱི་ས་མུའུ·ཧྲ་ལ་ཧྥུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད་ཅིང་། ཁོང་གིས་དབུ་ཚོགས་ཐོག་ཕྱོགས་གཉིས་པོས་དཔལ་འབྱོར་དང་། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་ཧྥེ་ཀྲུང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཧྲ་ལ་ཧྥུའུ་ཡིས། ཧྥེ་ཀྲུང་ཕྱོགས་གཉིས་པོས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ལ་བརྟེན་ནས་ཕྱོགས་གཉིས་པོས‘མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ’དང‘བྱ་སྤྱོད་ཆེན་པོ་བརྒྱད’‘འདུ་འགོད་ཁག་དགུ’སོགས་ཐུན་མོང་ཐོག་ལག་བསྟར་བྱས་པས་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་ཧྥེ་ཀྲུང་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་མུ་མཐུད་སྐུལ་མ་ཐེབས་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་དབུལ་པོ་ཉུང་གཏོང་དང་། དཔལ་འབྱོར་ཉོ་ཚོང་། ཞིང་ལས། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་ཨེ་ཅིབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས་ཨེ་ཅིབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། དམངས་འཚོ་ལེགས་སུ་འགྲོ་རྒྱུར་ཡང་སྐུལ་མ་ཐེབས་ཡོད”ཅེས་བརྗོད་པ་རེད།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་དར་སྤེལ་བཏང་སྟེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་དང་དར་རྒྱས་ཀྱི་རེ་བ་སྦྱིན་ནས་རྒྱལ་ཁབ་དེ་བས་མང་བའི་ཁས་ལེན་ཐོབ་པས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད”ཅེས་ཧྲ་ལ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་དེ་སྔ་ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་རྣམ་གྲངས་ལས་ཨེ་ཅིབ་ཀྱི་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་མེད་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱེད་པར་བསྐྱོད་མྱོང་ཡོད། ཁོང་གིས། ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་མཚོན་རྟགས་ཁང་ཆེན་དེ“ཨ་ཧྥེ་རི་ཁའི་ཐོག་བརྩེགས་ཁང་ཆེན་མཐོ་ཤོས”སུ་གྱུར་ནས་ཨེ་ཅིབ་ལ་གནས་རྟགས་གསར་པ་བཏོད་པ་དང་། ཀྲུང་གོའི་ལག་རྩལ་དང་སྒྲིག་ཆས་སྤྱད་དེ་བསྐྲུན་པའི་ཨེ་ཅིབ་ཀྱི་སྨྱུང་སྲུང་ཟླ་བའི་ཧྲོ་རི་གྲོང་གི་ཉེ་འདབས་ལྕགས་ལམ་རྣམ་གྲངས་ལས་ཨེ་ཅིབ་ལ་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་བྱུང་ཡོད། དེར་བརྟེན“སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཕན་ཚུན་ཡིད་ཆེས་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་འབྲེལ་ཟམ་བསྐྲུན་དགོས”ཞེས་བརྗོད་པ་རེད།
ཧྲ་ལ་ཧྥུའུ་ཡིས། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དེས་ཨེ་ཀྲུང་མཉམ་ལས་ལ་གོ་སྐབས་གསར་པ་སྦྱིན་ཡོད། “རྒྱལ་ཁབ་གཉིས་པོས་ཚན་རྩལ་འདུ་ཚད་མཐོ་བ་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་གཏིང་ཟབ་བྱེད་ཆོག”ཅེས་བརྗོད་པ་རེད།