དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ཆིང་ཏའོ་རུ་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-14

    ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་དེ་ཧྲན་ཏུང་གི་ཆིང་ཏའོ་རུ་འགོ་ཚུགས་ཤིང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་དབྱི་ཆིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    ཁྲེན་དབྱི་ཆིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་འདིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་ཀྱི་སྤེལ་རེས་དང་ཐུན་མོང་ཡར་རྒྱས་ལ་ཁ་ཕྱོགས་བསྟན་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ཁྲིད་སྟོན་དུ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་ཨ་སི་ཐ་ན་དབུ་ཚོགས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ། བུད་མེད་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། བུད་མེད་ཀྱི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ། རྒྱལ་ཁབ་ཁག་གི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་བ་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགོ་ཚུགས་མཛད་སྒོ་མ་འཚོགས་གོང་ཁྲེན་དབྱི་ཆིན་གྱིས་དབྱི་རན་གྱི་ཙུང་ཐུང་གཞོན་པ་པེ་ཧོ་ལུའུ་ཙི—ཨ་ཀྲར་དང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་མ་ཧོ་ཁ་མོ་ཝ། ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི་གཞོན་པ་མའེ་སེན་ཨན། ཨར་མེ་ཉི་ཡའི་ཙུང་ལིའི་སྐུ་ཟླ་ཨ་ཁེ་ཕི་དབྱང་བཅས་དང་ཕྱོགས་གཉིས་མཇལ་འཛོམས་གནང་བ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་གལ་ཆེན་དང་། གཞུང་ཚབ། བུད་མེད་སྒྲིག་གཞིའི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་150ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝུའེ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།