ཤང་སྡེ། མཚོ་བོད་གཞུང་ལམ་གྱི་འགོ་འཛུགས་ས།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
འདི་ནི་ཤང་སྡེ་གྲོང་རྡལ་ཚྭ་ཁ་སྟོད་གྲོང་ཚོའི་རྣམ་པ་ཡིན་པ།
“མི་མང་པོ་ཞིག་གིས་མཚོ་བོད་གཞུང་ལམ་གྱི་འགོ་འཛུགས་ས་གོར་མོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་ཚྭ་ཁ་སྟོད་གྲོང་ཚོ་ནི་མཚོ་བོད་གཞུང་ལམ་གྱི་འགོ་འཛུགས་ས་ངོ་མ་དེ་ཡིན་པ་ཤེས་ཀྱི་མེད”མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་ཚྭ་ཁ་སྟོད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་པའེ་ཝུན་ཅུན་གྱིས“གནའ་བོའི་དུས་སུ་པེ་ཅིང་གི་དཔོན་རིགས་བོད་དུ་ཡོང་བ་དང་བོད་ཀྱི་དཔོན་རིགས་པེ་ཅིང་དུ་སྐྱོད་སྐབས་ཤང་སྡེ་བརྒྱུད་དགོས་ཤིང་། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་ཀྱང་དེ་གར་ངལ་གསོ་མྱོང་ཡོད”ཅེས་གསར་འགོད་པར་བཤད།
གོར་མོ་ནས་ཤར་ཕྱོགས་སུ་བསྐྱོད་མཐར་ང་ཚོ་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་དང་བཅས་པ་ཚྭ་འདམ་གཤོང་སའི་སྔོ་ལྗང་ཁུལ་ཏེ། མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་དུ་འབྱོར།
མཚོ་བོད་གཞུང་ལམ་གྱི་འགོ་འཛུགས་ས་ཤང་སྡེ་གྲོང་རྡལ་ཚྭ་ཁ་སྟོད་གྲོང་ཚོར་ལོ་82ལ་སླེབས་པའི་བགྲེས་སོང་ཧྲེ་ཀྲེང་ཀྲང་གིས་ང་ཚོ་སྔར་སོང་གི་ལོ་ཟླའི་རྔ་མོང་གི་དྲིལ་སྒྲ་ཉན་པར་ཁྲིད་བྱུང་།
ལོ་རྒྱུས་མཚོན་པའི་རྔ་མོང་གི་དྲིལ་སྒྲ
ལོ་རྒྱུས་ཐོག་གི་དུར་ལམ་ནི་ཐང་བོད་གནའ་ལམ་དང་དར་གོས་ལམ་བུའི་ལྷོ་རྒྱུད་ལམ་ཐིག་མཚོ་སྔོན་ས་ཁོངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་། ལོ་ངོ་སྟོང་གི་གོང་དུ་རྔ་མོང་གི་དྲིལ་སྒྲ་དེ་་ནས་གྲགས། ལོ་70ཡི་གོང་དུ་ཤང་སྡེ་ནས་ཐོན་པའི་རྔ་མོང་གི་དྲིལ་སྒྲ་མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཡུལ་དུའང་གྲགས་ཡོད།
1951ལོའི་ཟླ་8པར། དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་གིས་ཤང་སྡེར་བོད་དུ་ཞི་བས་དཔུང་སྐྱོད་བྱེད་པའི་དམ་བཅའ་བཞག་ཅིང་། རྔ་མོང་དང་ཁལ་གཡག་སོགས་ལས་གྲུབ་པའི་སྐྱེལ་འདྲེན་རུ་ཁག་དཔུང་སྡེ་དང་མཉམ་དུ་བོད་དུ་བསྐྱོད་པ་རེད། ལོ་གཉིས་ཀྱི་རྗེས་སུ་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་བཙུགས་པ་དང་སྒར་ས་ཆེན་པོ་ཤང་སྡེ་རུ་བཙུགས་ཡོད། སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ནི“མཚོ་བོད་གཞུང་ལམ་གྱི་སྤྱི་ཁྱབ་བཀོད་འདོམས་པ”དམག་དཔོན་མུའུ་ཧྲེང་ཀྲུང་ཡིན་པ་རེད།
“མཚན་གཅིག་གི་རིང་ཤང་སྡེ་གྲོང་རྡལ་དུ་རྔ་མོང་སྟོང་ཕྲག་ཁ་ཤས་གཅིག་ཏུ་འདུས་པ་དང་མིག་ལམ་དུ་མཐོང་ཚད་རྔ་མོང་རེད་འདུག”ཅེས་གྲོང་ཚོའི་ནང་གི་བགྲེས་སོང་ཚོས་སྐབས་དེ་དུས་ཀྱི་རྣམ་པ་ཕྱིར་དྲན་བྱས་ནས་ངར་བཤད་བྱུང་ཞེས་པའེ་ཝུན་ཅུན་གྱིས་བཤད།
མཚོ་བོད་གཞུང་ལམ་སྐྲུན་སྐབས་ཤང་སྡེ་དེ་ཉིད་དངོས་ཟོག་དང་། མི། ཁལ་ཕྱུགས་བཅས་གཅིག་སྡུད་བྱེད་ས་གཙོ་བོར་གྱུར་ཡོད། ཤང་སྡེ་ནས་ཐོན་པའི་རྔ་མོང་བདག་སྐྱོང་བ་ཚོ་ཡང་མཚོ་བོད་གཞུང་ལམ་སྐྲུན་པའི་ལས་ལ་ཧུར་ཐག་ཞུགས་ཡོད་པ་རེད།
དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བ་དང་ཡུད་ཙམ་ཞིག་ལ་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་70སོང་ཡོད། མཚོ་བོད་གཞུང་ལམ་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་རྟེན་གཞི་ཆེ་ཤོས་ཡིན་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་གྱི་ལོ་70ཡི་འཕེལ་རྒྱས་དང་འགྱུར་ལྡོག་དེ་རྒན་རྒོན་ཚོའི་དྲན་ཤེས་ངོས་སུ་གསལ་པོར་བཀོད་ཡོད། ལོ་82ལ་སླེབས་པའི་ཧྲི་ཀྲེང་ཀྲང་ནི་ད་ལྟ་འཚོ་ཞུགས་ཀྱི་རྒན་རྒོན་དེ་དག་ཁྲོད་ཀྱི་གྲས་ཤིག་རེད།
གངས་རླུང་ཁྲོད་ཀྱི་མུ་མཐའ་མེད་པའི་སྐྱེལ་འདྲེན་ལམ་ཐིག
ཧྲི་ཀྲེང་ཀྲང་རང་ཁྱིམ་གྱི་སྒོ་རའི་ནང་ཤིང་གི་རྐུབ་བཀྱག་རྙིང་པ་ཞིག་ཏུ་བསྡད་དེ་སྤྲོ་སྣང་ངང་མེ་ཏོག་ལྡུམ་རའི་མེ་ཏོག་དག་ལ་ལྟ་བཞིན་འདུག འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཁོང་གིས་དུས་ཚོད་ནི་ཅི་འདྲའི་འགྲོ་མགྱོགས་པ་དང་ཐ་ན་རང་ཉིད་ལོ་ག་ཚོད་ལ་སླེབས་མིན་ཡང་བརྗེད་འདུག་པས་ཅུང་བློ་ཕམ་པོ་འདུག ཧྲི་ཀྲེང་ཀྲང་གིས“ཤང་སྡེར་སྤོས་ནས་ལོ་70ལྷག་ཙམ་འགྲོ་གི་འདུག ད་ཆ་སྲིད་ཇུས་ཡག་པོ་ཡོད་པ་དང་འཚོ་བ་ཡང་ཡག་པོ་ཡོད་པས་གཟུགས་པོ་བདེ་རུ་ཕྱིན་ན་གང་སར་ལྟ་ཙམ་བྱེད་པར་འགྲོ་འདོད་འདུག”ཅེས་བཤད།
1953ལོར་ལོ་11ལ་སླེབས་པའི་ཧྲི་ཀྲེང་ཀྲང་ཕ་མ་གཉིས་དང་གཅུང་མོ་དང་མཉམ་དུ་ཕ་ཡུལ་སྟོང་སྐོར་ནས་ཐོན་ཏེ་རྔ་མོང་རུ་ཁག་དང་མཉམ་དུ་ཤིང་རྟ་འཁོར་ལོ་བསྡད་དེ་ཤང་སྡེར་བསྐྱོད།
1953ལོའི་ཟླ་4པར་ཀྲུང་གུང་ནུབ་བྱང་ཅུས་ཀྱི་བཀའ་བཞིན་ལན་ཀྲོའུ་རུ་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་བཙུགས་པ་དང་རུ་ཁག་དེ་ཟི་ལིང་ནས་དུར་ལམ་བར་གྱི་གཞུང་ལམ་གྱི་ས་ཚིགས་མཐའ་མ་ཤང་སྡེ་རུ་བཙུགས་ཡོད། ཝང་པའོ་ཧྲན་སྤྱི་ཁྱབ་རུ་དཔོན་དང་མུའུ་ཧྲེང་ཀྲུང་ཆབ་སྲིད་ཨུ་ཡོན་གྱི་འགན་འཁུར་བར་མངགས། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་དེ་ཤང་སྡེ་རུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་ནི་དོན་དངོས་ཐོག་རྔ་མོང་སྐྱེལ་འདྲེན་རུ་ཁག་ཡིན་པ་དང་། ཁོང་ཚོས་དུས་ཡུན་ཐུང་ཐུང་ནང་ཀན་སུའུ་དང་། ཉིང་ཞ། ནང་སོག་སོགས་ནས་རྔ་མོང་མགོ་གྲངས་ཁྲི་2.8ཉོས་པ་དང་སྐབས་དེར་རྒྱལ་ཡོངས་སུ་རྔ་མོང་མགོ་གྲངས་ཁྲི་20ཙམ་ལས་མེད། སྐབས་དེར་རྒྱལ་ཡོངས་ཀྱི་རྔ་མོང་བཅུ་ཆ་གཅིག་ཉོས་ཡོད་ཅེས་བཤད་ཀྱང་ཆོག
དེ་དང་ཆབས་ཅིག་ནང་སོག་དང་། ཉིང་ཞ། ཀན་སུའུ་བཅས་ཀྱི་ཞིང་འབྲོག་པ་2000ལྷག་ཙམ་གྱིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རྔ་མོང་དེད་དེ་སྐྱེལ་འདྲེན་ནང་ཞུགས་པ་རེད།
སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གིས་རྔ་མོང་དང་རྔ་མོང་བདག་སྐྱོང་ཚོ་པ་བཙུགས་པ་དང་ཚོ་པ་གཅིག་གིས་ཆ་སྙོམས་རྔ་མོང་10འདེད་ཀྱི་ཡོད་པ་དང་རྔ་མོང་གཅིག་གིས་འབྲུ་རིགས་དང་དངོས་ཟོག་སྤྱི་རྒྱ་150ལྷག་ཙམ་དབོར་གྱི་ཡོད། རྔ་མོང་རུ་ཁག་གིས་ད་དུང་རང་ཉིད་ཀྱི་རྡོག་ཁྲེས་དང་ལམ་བཤངས་སྦྱག་མ་སོགས་ལག་ཆ་འཁྱེར་དགོས་ཀྱི་ཡོད། ཟླ་བ་གསུམ་བཞི་རེར་སྤྱི་ལེ་1000ལྷག་ཙམ་ཡོད་པའི་གངས་རླུང་ཁྲོད་ཀྱི་སྐྱེལ་འདྲེན་ལམ་ཐིག་ཐོག་ཕར་འགྲོ་ཚུར་འོང་ཐེངས་རེ་བྱེད་ཀྱི་ཡོད།
ཤང་སྡེ་ཉིད་བོད་དུ་དངོས་ཟོག་དབོར་འདྲེན་བྱེད་སའི་སྒར་ས་ཆེན་པོ་དང་ཐོན་ས་ཞིག་ཏུ་གྱུར་ཡོད།
བྲེལ་འཚུབ་ཆེ་བའི་མཚོ་བོད་གཞུང་ལམ།
སྐབས་དེ་དུས་ཧྲི་ཀྲེང་ཀྲང་གི་ཕས་ཤང་སྡེར་གནས་སྤོ་རྒྱུའི་ཐག་བཅད།
སྟོང་སྐོར་ནས་ཤང་སྡེ་བར་ད་ཆ་མྱུར་བགྲོད་གཞུང་ལམ་བརྒྱུད་ཆུ་ཚོད་བཞི་ལྔ་ཙམ་ལས་འགོར་གྱི་མེད་ཅིང་། སྐབས་དེ་དུས་ཧྲེ་ཀྲེང་ཀྲང་ནང་མི་ཚོས་ཟླ་བ་གཅིག་ལྷག་ཙམ་འགྲུལ་བཞུད་བྱས་ཡོད།
“ལམ་དེ་ཧ་ཅང་འགྲོ་ཁག་པོ་འདུག”བྱིས་དུས་ཀྱི་དྲན་ཤེས་རབ་རིབ་ཏུ་གྱུར་མོད། འོན་ཀྱང་ཧྲི་ཀྲེང་ཀྲང་གིས་སྔར་བཞིན་ལམ་དེ་གསལ་པོ་དྲན་གྱི་ཡོད། སྐབས་དེ་དུས་མཚོ་བོད་གཞུང་ལམ་ད་དུང་སྐྲུན་འགོ་ཚུགས་མེད། སྟོང་སྐོར་དང་། ཚྭ་ཁ། ཤང་སྡེ་བཅས་ཀྱི་ལམ་ཐིག་དེར་གཞུང་ལམ་ཡོད་ཀྱང་ཚང་མ་ནི་བཅིངས་འགྲོལ་མ་བཏང་གོང་སྐྲུན་པ་ཞིག་ཡིན་པས་གུ་དོག་ལ་འབར་རེ་འབུར་རེ་རེད།
ཧྲི་ཀྲེང་ཀྲང་གིས་རང་ཉིད་ནི་མཚོ་བོད་གཞུང་ལམ་དང་མཉམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ཞེས་རྟག་ཏུ་ཤོད་ཀྱི་ཡོད། ཁོང་གིས་ཤང་སྡེར་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ར་སྤྲོད་བྱས་ཡོད། རྔ་མོང་ཁྲི་སྟོང་མང་པོ་ཤང་སྡེར་འཛོམས་ཤིང་། ཉིན་ལྟར་རྒྱུན་མི་ཆད་པའི་དངོས་ཟོག་རླངས་འཁོར་གྱིས་དེར་དབོར་ཡོང་བ་དང་དེ་ནས་རྔ་མོང་རུ་ཁག་གིས་བོད་དུ་དབོར་གྱི་ཡོད།
“སྐབས་དེའི་ཤང་སྡེའི་གང་སར་རྔ་མོང་དང་དངོས་ཟོག་གིས་ཁེངས་ཤིང་། སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་སྒོ་ར་ཆེ་མོའི་ནང་དངོས་ཟོག་མང་པོ་སྤུངས་ཡོད”
ལོ་ན་ཆུང་བའི་ཧྲི་ཀྲེང་ཀྲང་གིས་དེ་དུས་རྒྱལ་ཡོངས་ཀྱི་རྔ་མོང་80%ཙམ་ཤང་སྡེ་གྲོང་རྡལ་དུ་གཅིག་འདུས་བྱས་ཡོད་པ་ཤེས་ཀྱི་མེད། ད་ལྟ་ཉར་ཚགས་བྱས་པའི་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་ཡིག་ཚགས་དཔྱད་གཞི་ལས་མངོན་པ་ལྟར་ན། བོད་དུ་ཐེངས་གསུམ་སྐྱོད་རིང་ཤང་སྡེ་གྲོང་རྡལ་དུ་འདུས་པའི་རྔ་མོང་མགོ་གྲངས་ཁྲི་10ལས་བརྒལ་བ་དེས་སྐབས་དེའི་རྒྱལ་ཡོངས་ཀྱི་རྔ་མོང་གྲངས་འབོར་གྱི་80%ཡན་བཟུང་ཡོད་པ་རེད།
ལོ་70ཡི་རིང་ཧྲི་ཀྲེང་ཀྲང་ཤང་སྡེར་འཚར་ལོངས་བྱུང་བ་དང་། ཁྱིམ་ཚང་བཟུང་བ། ཚེ་མཇུག་བདེ་ལ་རོལ་བ་སོགས་ཁོང་གི་ངོས་ནས་བརྗོད་ན། མཚོ་བོད་གཞུང་ལམ་བསྐྲུན་པ་ལས་ཁོང་གི་མི་ཚེ་ཧྲིལ་པོར་འགྱུར་ལྡོག་བྱུང་ཡོད།
ཧྲི་ཀྲེང་ཀྲང་གིས“གལ་ཏེ་མཚོ་བོད་གཞུང་ལམ་མིན་ན། ངའི་ཕ་མེས་ཤང་སྡེར་ཡོང་མི་སྲིད། གལ་ཏེ་མཚོ་བོད་གཞུང་ལམ་མིན་ན། ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
ལོ་70ཡི་རྗེས་ཀྱི་དེང་གི་དུས་འདིར། ཤང་སྡེ་གྲོང་རྡལ་གྱིས་ཐོན་ལས་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་མུ་མཐུད་རླབས་གཤགས་མདུན་སྐྱོད་བྱེད་བཞིན་ཡོད།