དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

    ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྒུལ་ཤུགས་སུ་བྱས་ཏེ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

    ཚའེ་ཆི་དང་ཏིང་ཤུའེ་ཞང་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-14

    ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་9ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་གཙོ་གནད་སྲུང་སྐྱོང་དང་བཅོས་སྐྱོང་འགག་རྩ་ཡིན་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། ཆུ་འབོར་ལ་གཞིགས་ནས་འཆར་འགོད་དང་ཆུ་གྲོན་ཆུང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས། སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་མཐའ་འཁྱོངས་བཅས་བྱས་ཏེ་འབབ་རྒྱུད་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ལྗང་མདོག་ཕྱོགས་སྒྱུར་ལ་འཕེལ་རྒྱས་གསར་པ་ཡོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་གསར་པ་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་དབྱང་ཧྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་སྟེ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ལས་དོན་སྙན་སེང་ཞུས་པ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་ཕུལ་བ་རེད།

    ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་ཚུན། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་པ་དང་། ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ། ནུས་རྒྱུ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་བ་བཅས་བྱུང་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། དུས་མཚུངས་དཀའ་གནད་མི་ཉུང་བ་ཞིག་ད་དུང་ཐག་གཅོད་བྱེད་དགོས་པ་ཡང་མཐོང་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་གནས་བབ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། རྨ་ཆུ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་མངོན་གསལ་དོད་དུ་བཏང་སྟེ། ཆུ་བོའི་སྟོད་སྨད་མཐུད་སྦྲེལ་གཞི་གཅིག་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་གོང་མཐོར་གཏོང་དགོས། “བྱང་གསུམ”ལས་གྲྭའི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རྡོ་སོལ་སྔོག་འདོན་བྱེད་ས་བརྡིབས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་རང་བཞིན་གྱི་ས་ཁུལ་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ངང་ཡག་པོ་རྒྱག་པ་དང་ཡན་ལག་ཆུ་བོ་གལ་ཆེན་དང་ཆུ་མཛོད་གཙོ་བོ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་རྒྱུད་དང་མཚོ་འགྲམ་ས་ཁུལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་དགོས། རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་གལ་ཆེན་གྱི་ཕྱིར་འབུད་ཚད་བརྒལ་སྒྱུར་བཀོད་མགྱོགས་པོ་བྱས་ནས་རྡོ་སོལ་གཙང་ཞིང་ལས་ཆོད་ཆེན་པོས་སྤྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག”བཅས་ཀྱི་ཁེ་ལས་ཁྲིམས་ལྟར་བཅོས་སྒྲིག་བྱས་ནས་ཉེན་ཁའི་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག རིན་གོང་གི་སྲིད་ཇུས། ཚད་གཞིའི་མ་ལག་བཅས་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འབབ་རྒྱུད་ཧྲིལ་པོ་དང་། ཁྲོམ་ར་ཅན། སྣ་མང་ཅན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་མཐའ་ཚད་ནན་སྲུང་བྱས་ཏེ། ཆུ་དང་བསྟུན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་དང་བསྟུན་ནས་ས་ཆ་གཏན་འཁེལ། ཆུ་དང་བསྟུན་ནས་མི་འབོར་གཏན་འཁེལ། ཆུ་དང་བསྟུན་ནས་ཐོན་ལས་གཏན་འཁེལ་བཅས་ཀྱི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་འབབ་རྒྱུད་ཧྲིལ་པོར་ཁྱབ་པའི་ཆུ་ལེན་པ་དང་སྤྱོད་པའི་བསྡོམས་འབོར་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཆུ་གཞུང་ཨ་མ་དང་ཡན་ལག་ཆུ་བོའི་ཐོན་ཁུངས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་དགོས། ས་འོག་ཆུའི་གནས་ཚད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ས་འོག་ཆུ་སྤྱོད་ཚད་ཐལ་བའི་བཙག་སྦུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། “བརྒྱད་བདུན”ཆུ་འགྲེམས་ཇུས་གཞི་བརྟན་པོའི་ངང་ལེགས་གཏོང་དང་ལེགས་སྒྲིག་བྱེད་དགོས། ཆུ་དབང་ཉོ་ཚོང་འཚོལ་ཞིབ་ཧུར་ཐག་དང་ཚད་ལྡན་ངང་སྐུལ་འདེད་བཏང་སྟེ་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དཔྱ་ཁྲལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་དགོས། ཆུ་གྲོན་ཆུང་གི་བྱ་སྤྱོད་སྤེལ་ནས་ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྱོང་མགྱོགས་པོ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྨ་ཆུའི་ཆུ་རྒྱུན་དལ་དུ་འབབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཆུ་དང་བྱེ་མའི་སྙོམ་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆུ་མཛོད་གཙོ་བོ་སོགས་ཆུ་བེད་ལས་གྲྭ་གལ་ཆེན་གཙོ་བོར་བྱས་པའི་སྙོམ་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆུ་གཞུང་ཨ་མ་དང་ཡན་ལག་ཆུ་བོའི་མཉམ་འགོག་མཉམ་བཅོས་མཐའ་འཁྱོངས་ཀྱིས་ཆུ་གཞུང་ཨ་མའི་གཙོ་གནད་ཆུ་དུམ་དང་། ཉེན་ཆེའི་ཨར་ལས་དང་ཉེན་ཆེའི་དུམ་བུ་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཆུ་རགས་གཙོ་བོའི་ཆུ་མཛོད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། རྨ་ཆུའི་ཆུ་བེད་ལྟེ་བའི་ལས་གྲྭ་གལ་ཆེན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཉེན་ཟོན་སྔོན་བརྡ་དང་འཕྲལ་སྡོམ་བརྡ་ལན་གྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས། ཉེན་བཤེར་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོ་དང་། རྒྱུན་རྣམ་ཅན་དང་དངོས་འཐབ་ཅན་གྱི་མཐུན་སྦྱོར་སྐུལ་སློང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཐོན་ལས་མ་ལག་གཏོད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཐན་ཞོད་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ་དང་། བ་ཚྭ་ཅན་གྱི་ཞིང་ཁ་ཕྱོགས་བསྡུས་སྒྱུར་བཀོད་དང་སྤྱོད་རྒྱུ་དམ་འཛིན་ཡག་པོ་བྱེད་པ། རྨོ་ཞིང་གི་སྤུས་ཀ་ལེགས་སུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་བཀོད་པ་ལེགས་སུ་བཏང་ནས་ས་ངོས་ཀྱི་ཆུ་བོའི་བཞུར་རྒྱུན་དང་ས་འོག་གི་ཆུར་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་དང་གློག་ཤུགས་ཕྱིར་གཏོང་སྐུད་ལམ་འཆར་འགོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གཙོ་གནད་ལས་རིགས་སུ་ནུས་རྒྱུ་གཙང་མས་ཚབ་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་སྲི་ཚགས་དང་ཐཱན་ཉུང་སྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྟོབས་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ས་ཁོངས་ནང་གི་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་སོགས་ཀྱིས་ལག་རྩལ་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཞབས་ཞུའི་ལམ་སྲོལ་བཀོད་ཇུས་དང་འཛུགས་པར་ལྕག་སྐུལ་བྱས་ནས་ཐོན་ལས་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་གྱི་མཐུན་སྦྱོར་ཆུ་ཚད་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པའི་ནང་ཧུར་ཐག་ཞུགས་ཏེ་རྣམ་པ་འདྲ་མིན་གྱི་ས་གནས་སྲུང་སྐྱོང་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ལེགས་ཆ་གསབ་རེས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་དང་རྒྱལ་ཁབ་ས་ཆའི་བར་མཐོངས་མ་ལག་འཛུགས་པ་དང་། གྲོང་ཁྱེར་ཆེ་ཤོས་དག་ནང་རྒྱས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། རྨ་ཆུའི་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱིས་མི་འབོར་གཅིག་སྡུད་དང་ཐོན་ལས་རོགས་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་རྨང་གཞིའི་སྒྲིག་བཀོད་མ་ལག་གལ་ཆེན་འཐུས་སྒོ་ཚང་དུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་གཞན་དང་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་འཕེལ་རྒྱས་དང་ལེགས་བསྡུས་ཞིབ་གཉེར་ངང་བཀོད་ཇུས་བྱེད་པར་ཁྲིད་སྟོན་བྱས་ཏེ། རྫོང་གྲོང་གི་ཐོན་ལས་དང་མི་འབོར་ཐེག་ནུས་ཆེ་རུ་དང་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཐེག་ནུས་ཆུང་དུ་གཏོང་དགོས། རྫོང་གྲོང་གིས་གྲོང་ཁྱེར་དང་སྦྲེལ་མཐུད་དང་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་ཡག་པོ་བཏོན་ནས་རྫོང་ཁོངས་ནང་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་དགོས། རིགས་དབྱེ་ནས་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་ཚང་མས་ལས་མི་བསྡུ་ཚད་མང་དུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་སྔོན་འགོག་བྱེད་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་ཏུ་གཏོང་བ་དང་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྨ་ཆུ་འབབ་རྒྱུད་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་རིག་གནས་འཕེལ་རྒྱུན་དང་མི་རིགས་ཀྱི་སྲོག་རྩ་རྒྱུན་འཛིན་ཡག་པོ་བྱེད་དགོས། རིག་གནས་ཤུལ་བཞག་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གནའ་རྫས་རྟོག་ཞིབ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རྨ་ཆུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་བློ་བརྟན་འགྱུར་མེད་ཀྱི་མི་རིགས་ཀྱི་གཤིས་རྒྱུད་དང་འབད་འཐབ་ཀྱི་སྙིང་སྟོབས་གང་ལེགས་མངོན་པར་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་བསྐྲུན་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཀྲུང་དབྱང་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་བ། སྤྱི་ཚོགས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། ཕྱར་བ་གྲུ་འདེགས་ངང་དུས་རབས་གསར་པའི་རྨ་ཆུའི་ལས་དོན་མཉམ་དུ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་ཚིགས་གསུམ་པའི་དུས་མཇུག་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།

    ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་རྒྱུན་ཆད་མེད་པར་སླེབས་པར་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་ཆེན་པོ་འགག་རྩའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྲ་ཞིང་བརྟན་ལ་འདེགས་སྐྱོར་ནུས་ལྡན་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མགྱོགས་པོ་སྐྲུན་དགོས། “མི་ཆུའི་འབྲེལ་བའི”ལས་དོན་ཆེན་པོ་ཞིབ་ཚགས་བསྒྲུབས་ཏེ“ཆུ་དང་བསྟུན་ནས་གཏན་འཁེལ་བཞིའི”རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་གྱིས་འབབ་རྒྱུད་ཧྲིལ་པོའི་ཆུའི་ཐོན་ཁུངས་ལ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་དགོས། བྱེད་པོའི་བྱེད་ནུས་ཀྱི་ངེས་གནས་གཞིར་བཟུང་། རང་སོ་སོའི་དགེ་མཚན་བཏོན་ནས་ཐོན་ལས་ཚན་རྩལ་གྱི་གསར་གཏོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པའི་ནང་ཧུར་ཐག་ཞུགས་པ། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེ་རུ་དང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་སྣོན་དགོས་ཞེས་གསུངས་པ་རེད།

    ཧོ་ལི་ཧྥུང་དང་། ཝུའུ་ཀྲེང་ལུང་། མུའུ་ཧུང་། ཅང་ཤིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།