དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྔ་བའི་བོད་ཡིག་དཔེ་མཛོད་ཆེན་མོ་ཡིས། བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    ཉེ་ཆར། “རྔ་བར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ནང་ཞུགས་མཁན་གསར་འགོད་པ་རྔ་བ་ཀྲོའུ་བོད་ཡིག་དཔེ་མཛོད་ཁང་དུ་བཅར་འདྲིར་བསྐྱོད་པ་རེད།

    དཔེ་དེབ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། སྔར་ནས་ད་བར་མིའི་རིགས་ཀྱི་གྲོགས་པོ་ཡག་ཤོས་ཤིག་རེད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་དཔེ་དེབ་ནས་ཁྱབ་ཁོངས་མི་འདྲ་བའི་ཤེས་བྱར་རྒྱུས་ལོན་ཐུབ་ནས་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བཏང་དང་གཏོང་མུས་རེད། དཔེ་དེབ་སྤུས་མ་ཞིག་བཀླགས་ཚེ་རྣམ་དཔྱོད་ཀྱི་སྒོ་མོ་རབ་ཏུ་ཡངས་པའི་སྐྱེས་བུ་ཞིག་དང་གཏམ་གླེང་བྱེད་པ་དང་གཉིས་སུ་མེད། སི་ཁྲོན་ཞིང་ཆེན་རྔ་བ་ཀྲོའུ་ཡི་བོད་ཡིག་དཔེ་མཛོད་ཁང་དུ་དཔེ་དེབ་འབོར་ཆེན་ཡོད་པ་དང་། དཔེ་དེབ་དེ་དག་དཔེ་ཀློག་ལ་དང་བ་ཡོད་པའི་ཀློག་པ་པོའི་བློ་སྣ་འདྲེན་པའི་ལྕགས་ཀྱུ་ལྟ་བུར་གྱུར་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་རྔ་བ་ཀྲོའུ་ཡི་བོད་ཡིག་དཔེ་མཛོད་ཁང་ནི་མིག་སྔར་རྒྱལ་ཡོངས་ཀྱི་ཀྲོའུ་རིམ་པའི་བོད་ཡིག་དཔེ་མཛོད་ཁང་གཅིག་པུ་དེ་ཡིན། བོད་ཡིག་དཔེ་མཛོད་ཁང་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་4500ལྷག་ཙམ་ཡོད་པ་དང་དཔེ་དེབ་ཁྲི་10ལྷག་ཙམ་ཉར་ཚགས་བྱས་ཡོད་པ་ལས་བོད་ཡིག་དཔེ་རྙིང་ཁྲི་5.4དང་དེང་དུས་ཀྱི་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་དེབ་ཁྲི་5ལྷག་ཙམ་ཡོད་པ་རེད། 

    བོད་ཡིག་དཔེ་མཛོད་ཁང་དེའི་ནང་དུ་དཔེ་ཀློག་ཁང་དང་། བྱིས་པའི་ལྟ་ཀློག་ཁང་། བོད་ཡིག་དཔེ་རྙིང་ཉར་ཚགས་ཁང་། མངོན་མིན་རིག་གནས་ཤུལ་བཞག་ལས་སྒྲུབ་ཁང་། དཔེ་རྙིང་ཉམས་གསོ་ཁང་། རིག་གནས་འགྲེམས་སྟོན་ཁང་། རིག་གཞུང་སྙན་ཞུ་ཁང་བཅས་ཡོད་པ་དང་། དེ་ནི་དཔེ་ཀློག་དང་། དྲིལ་བསྒྲགས། སློབ་གསོ། ཞིབ་འཇུག་བཅས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དེང་རབས་ལག་རྩལ་ལ་བརྟེན་ནས་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་བྱེད་པའི་དཔེ་དེབ་ཉར་ཚགས་ཁང་ཞིག་རེད་ལ།  རྔ་བ་ཀྲོའུ་ཡིས་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། རིག་གནས་ཆ་འཕྲིན་སྤེལ་རེས་དང་བརྒྱུད་སྤེལ་བྱེད་པའི་གནས་གལ་ཆེན་ཞིག་ཀྱང་རེད།  

    བོད་ཡིག་དཔེ་མཛོད་ཁང་དུ། རྔ་བ་ཀྲོའུ་རྩོམ་སྒྱུར་ཅུས་ཀྱིས་ཀློག་པ་པོར་བོད་ཡིག་གི་ལོ་རྒྱུས་དཔེ་རྙིང་ཁྲི3ཙམ་སློབ་སྦྱོང་དང་བེད་སྤྱོད་ལ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། བོད་ཡིག་དཔེ་མཛོད་ཁང་དེས་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཀྲོའུ་ལ་བོད་ཡིག་དཔེ་མཛོད་ཁང་མེད་པའི་སྟོང་ཆ་བསྐངས་ཡོད་ལ། བོད་རིག་པའི་ཞིབ་འཇུག་མི་སྣར་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་རེད།

    གསར་འགོད་པ།  ཕུར་བུ་ཚེ་རིང་། བློ་བསྟན། ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། ཚེ་ཁོ། ཕན་ཐོགས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།