དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་ཡོངས་ལ་མཉམ་སྤྱོད་བྱེད་པར་རམ་འདེགས་བྱས་ནས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཀྲང་ཡུས་ཅེ།   |     སྤེལ་དུས།  2024-09-13

    རིག་དངོས་ཀྱི་གྲངས་འཛིན་ཐོན་ཁུངས་ལས་གནའ་མིའི་བློ་གྲོས་མངོན་པ་མ་ཟད། དེང་དུས་ཀྱི་མི་རྣམས་ཀྱི་གསར་གཏོད་ཀྱང་མཚོན་ཐུབ། དམངས་ཡོངས་ལ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་སམ། ཚན་ཚན་ཕྲེང་འབྲེལ་གྱི་ལག་རྩལ་ལ་བརྟེན་པའི“གྲངས་འཛིན་ཏུན་ཧོང་། སྒོ་དབྱེའི་དཔྱད་གཞིའི་མཛོད”ནི་ཚོད་ལྟ་ནུས་ལྡན་ཞིག་རེད།

    2016ལོར“གྲངས་འཛིན་ཏུན་ཧོང”གི་ཐོན་ཁུངས་མཛོད་དྲ་ཐོག་ཏུ་བཏོན་ནས་གོ་ལ་ཧྲིལ་པོར་ཏུན་ཧོང་བྲག་ཕུག་30ཡི་རབ་གསལ་པར་རིས་དང་ཡུལ་ལྗོངས་ཧྲིལ་པོ་རིན་མེད་ངང་མཉམ་སྤྱོད་ཐེངས་དང་པོ་བྱས་པས། སྤྱོད་མཁན་ཕྱིར་བསྐྱོད་མི་དགོས་པར་རབ་གསལ་གྱི་ཏུན་ཧོང་རིག་གནས་ཀྱི་གྲངས་འཛིན་ཐོན་ཁུངས་ལ་མྱོང་རོལ་ཐུབ་ཡོད། མིག་སྔར་དེར་ལྟ་མཁན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་78ལ་ཁྱབ་པ་དང་རིམ་རྩིས་བྱས་ན་ལྟ་ཐེངས་ཁྲི་2000ལྷག་ཙམ་ཟིན་ཡོད། དེ་རྗེས“དྲ་ཐོག་ནས་ཏུན་ཧོང་ལ་ཡུལ་སྐོར”གྱི་བྱ་རིམ་ཆུང་གྲས་དང་། ཏུན་ཧོང་གི“གྲངས་འཛིན་པ”ཅ་ཡའོ། གྲངས་འཛིན་གྱི་དཔེ་རྙིང་ཉར་ཚགས་བྲག་ཕུག་སོགས་རིགས་ཁག་གི་རིག་དངོས་གྲངས་འཛིན་ཅན་གྱི་གྲུབ་འབྲས་རྒྱུན་མཐུད་ཐོན་ཡོད།

    དེ་གོང་འབྲེལ་ཡོད་སྒྲིག་གཞི་དང་མི་སྒེར་གྱིས་ཏུན་ཧོང་ཞིབ་འཇུག་ཁང་ལ་གྲངས་འཛིན་ཐོན་ཁུངས་འདུན་ཞུ་བྱེད་པའི་དུས་ཡུན་རིང་ཤོས་གཟའ་འཁོར་གཅིག་ཡིན་པ་རེད། ད་ཆ་མིང་ངོ་མ་བཀོད་ནས་བདེན་དཔང་ར་སྤྲོད་དང་ཚན་ཚན་ཕྲེང་འབྲེལ་གྱི་ལག་རྩལ་བརྒྱུད་མ་ལག་ནས་འཕྲལ་མར་ཕབ་ལེན་བྱེད་ཐུབ་པ་དང་ཆབས་ཅིག ཕབ་ལེན་བྱེད་མཁན་གྱི་གནས་གཏན་འཁེལ་ཡང་བྱེད་ཐུབ་ཀྱི་ཡོད། རིག་གཞུང་དང་ཚོང་སྤྱོད་སོགས་ཀྱི་སྤྱོད་སྒོར་གཞིགས་ནས་དབང་ཚད་མི་འདྲ་བ་བཟོས་ཡོད། དབང་བསྐུར་ཐེངས་གཅིག་གི་རིན་གོང་སྒོར་300ནས་800བར་ཡིན་པ་དང་མི་སྒེར་གྱི་མྱོང་རོལ་དང་ཞིབ་འཇུག་ཐད་རིན་མེད་ཕབ་ལེན་བྱེད་ཆོག་གི་ཡོད།

    གླེང་རིན་ཡོད་པ་ཞིག་ནི“གྲངས་འཛིན་ཏུན་ཧོང་། སྒོ་དབྱེའི་དཔྱད་གཞིའི་མཛོད”ནང་སྤྱོད་མཁན་གྱིས་འབྲེལ་ཡོད་དཔྱད་གཞི་སྤྱད་དེ་གསར་རྩོམ་ཐེངས་གཉིས་པ་བྱེད་ཆོག་པ་དང་གསར་རྩོམ་བྱས་པའི་བརྩམས་ཆོས་དེ་གྲངས་འཛིན་ཐོན་ཁུངས་གསར་པར་གྱུར་ནས་སྤྱོད་ཆོག་གི་ཡོད། གལ་སྲིད་ཚོང་ལས་ཐད་སྤྱད་ཚེ་གསར་རྩོམ་པས་པར་དབང་ཕྱོགས་དང་མཉམ་དུ་གསར་རྩོམ་གྱི་ཁེ་བཟང་ལོངས་སུ་སྤྱོད་ཆོག “དེ་ལས་དཔྱད་གཞིའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ནས། གྲངས་འཛིན་ཐོན་ཁུངས་སྤྱད་དེ་ཐུན་མོང་ཐོག་གསར་རྩོམ་བྱས་པའི་བརྩམས་ཆོས་ལ་བརྒྱུད་སྤེལ་དང་མཉམ་སྤྱོད་ཀྱི་ལས་སྟེགས་མཁོ་འདོན་བྱས་པས། གསར་རྩོམ་གྱི་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཕན་ཐོགས་ཡོད”ཅེས་ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་གྲངས་འཛིན་ཅན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཏིང་ཞའོ་ཧུང་གིས་བརྗོད།

    2022ལོའི་ལོ་མཇུག་ཏུ་དྲ་ཐོག་ཏུ་བཏོན་པ་ནས་ད་བར“གྲངས་འཛིན་ཏུན་ཧོང་། སྒོ་དབྱེའི་དཔྱད་གཞིའི་མཛོད”ལ་ལྟ་མཁན་མི་ཐེངས་ཁྲི་400ལྷག་ཙམ་ཟིན་པ་དང་དཔྱད་གཞི་ཕབ་ལེན་བྱེད་ཚད་ཐེངས་ཁྲི་3ལྷག་ཙམ་ཟིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “གྲངས་འཛིན་ཏུན་ཧོང་། སྒོ་དབྱེའི་དཔྱད་གཞིའི་མཛོད”ཀྱིས་དཔྱད་གཞིའི་ནང་དོན་མུ་མཐུད་མང་དུ་གཏོང་བ་དང་། དཔྱད་གཞིའི་རིགས་ཕུན་སུམ་ཚོགས་སུ་གཏོང་བ། དཔྱད་གཞི་སྔོག་འདོན་དང་གཞན་སྒྱུར་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ་དེ་བས་ཕུན་སུམ་ཚོགས་ལ་སྣ་མང་གི་ཏུན་ཧོང་བྲག་ཕུག་གི་དཔྱད་གཞི་གྲུབ་པ་དང་དུས་མཚུངས་ལས་སྟེགས་ཀྱི་ནུས་པ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། དཔྱད་གཞིའི་རེ་ཞུ་དབང་བསྐུར་གྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ་རེད།

    ཀན་སུའུ་ཞིང་ཆེན་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧའེ་ཞ་ཡིས“རིག་གནས་རྟེན་མཛོད་སྒྲིག་གཞི་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། འབྲེལ་ཡོད་ཐོན་ཁུངས་སྒོ་དབྱེ་དང་། སྔོན་ཐོན་ཚན་རྩལ་ལ་བརྟེན་པ། སྤྱི་ཚོགས་ཡོངས་ཞུགས་རྒྱུའི་སྐུལ་སློང་བཅས་བྱས་ཚེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤྱི་དམངས་ཀྱི་འཚོ་བར་སྔར་བས་མཉམ་འདྲེས་བྱེད་ཐུབ”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག “གྲངས་འཛིན་ཏུན་ཧོང་། སྒོ་དབྱེའི་དཔྱད་གཞིའི་མཛོད”ལ་གཞི་ཚུགས་པའི་སྒོ་དབྱེ་དང་། མཉམ་སྤྱོད། མཉམ་གཏོད་བཅས་ཀྱི་རྣམ་པ་གསར་པ་དེ་འབྱུང་འགྱུར་རྒྱལ་ནང་གི་རིག་གནས་རྟེན་མཛོད་ཚན་པར་ཁྱབ་གདལ་བཏང་སྟེ། རིག་དངོས་གྲངས་འཛིན་ཅན་གྱི་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།