དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-13

    ཉེ་ཆར། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ལ་ཏིང་མེ་གླིང་ཞིབ་འཇུག་སུའོ་དང་ལ་ཏིང་མེ་གླིང་དཔལ་འབྱོར་ཁོངས་གཏོགས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་སྤེལ་རེས་ལས་སྟེགས་གསར་པ་བཙུགས་ནས་རིག་མཛོད་དང་རིག་གཞུང་གི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དེང་རབས་ཅན་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་པ་རེད། ཀྲུང་གོ་དང་། པར་ཙིར་དང་། མོ་ཞི་ཁོ། ཧོང་ཏུ་ར་སི་སོགས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་མང་པོའི་འཐུས་མི་ཚོགས་འདུར་ཞུགས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཚོང་དོན་དང་། མཉམ་ལས་འཕེལ་རྒྱས། ནུས་རྒྱུའི་མ་འཇོག རྨང་གཞིའི་འཛུགས་སྐྲུན་གྱི་མ་འཇོག་སོགས་ཀྱི་གྲོས་གཞིར་བགྲོ་གླེང་དང་སྤེལ་རེས་བྱས་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་བློ་གྲོས་ལེགས་སྐྱེས་སུ་ཕུལ་བ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཀའོ་ཞང་གིས། འདི་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་གྲོས་འགོ་ཐེངས་དང་པོ་བཏོན་གནང་ནས་ལོ་10འཁོར་བའི་ལོ་རེད། ལོ་10རིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་བསླེབས་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ལ་ཏིང་མེ་གླིང་གི་རིག་གཞུང་ལས་རིགས་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་མཉམ་སྤྱོད་དང་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་འཕེལ་རྒྱས་ཀྱི་འབྱུང་འགྱུར་མདུན་ལམ་མཉམ་དུ་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    ལ་ཏིང་མེ་གླིང་གི་དཔལ་འབྱོར་ཁོངས་གཏོགས་ཀྱི་ལས་འགན་རྒྱུན་འཛིན་དྲུང་ཡིག་ཁེ་ལའེ་མུའུ་སི·ཨེན་ཏཱ་ལ་ཡིས། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་འབྲེལ་བ་དམ་ཟབ་ཡོད། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད་ད་དུང་ལས་ཞུགས་ཀྱི་ལས་གནས་བཏོད་དེ་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་ཡོད། “ཕྱོགས་གཉིས་པོའི་དབར་དབུལ་པོ་ཉུང་གཏོང་དང་། ནུས་རྒྱུ། སློབ་གསོ། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེན་པོ་ལྡན། ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་དང་། ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ། ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།