དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རི་སྔོན་ཆུ་དྭངས་བདེ་སྐྱིད་འབྱུང་རྩ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅི་ཡ་ལིན། ཀྲའོ་ཧྲོའེ་ཅེ། ལི་ཅ་དབྱིང་།   |     སྤེལ་དུས།  2024-09-13

    གངས་ལྗོངས་ས་མཐོར“ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཞིག་ཡོད།

    “ཁམ་བུའི་མེ་ཏོག་གི་གྲོང་ཚོ”ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་ཞིག་ཡིན་ལ་གྲོང་ཚོའི་མིང་ལ་ཀ་ལ་ཟེར་ཞིང་། ལོ་ལྟར་དཔྱིད་ཀའི་དུས་སུ་ཀ་ལ་གྲོང་ཚོའི་རི་སྐྱེས་ཁམ་སྡོང་དག་ལ་མེ་ཏོག་རབ་ཏུ་བཞད་ནས་སྤྲིན་དཀར་བཞིན་དུ་མཛེས་པར་བརྟེན། “ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཞེས་གྲགས།

    ཀ་ལ་གྲོང་ཚོ་རྒྱ་ཆེན་པོ་མེད་པ་དང་རྒྱུན་སྡོད་མི་འབོར་149ལས་མེད། “ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཆུང་ཆུང་དེར་ལོ་ལྟར་དཔྱིད་དུས་སུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་རྐྱེན་གྱིས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ཞིང་། དེ་གར་ཡུལ་གྲུ་སོ་སོའི་ཡུལ་སྐོར་བའི་ཡིད་དབང་འཕྲོགས་ནས་ལྟ་སྐོར་དུ་ཡོང་མཁན་མང་པོ་ཡོད་ལ་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུ་ཡི་ཡོད། ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ཁོ་ནར་གྲོང་ཚོ་དེ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་370ལྷག་ཙམ་ཟིན་ཡོད་པ་རེད།

    མེ་ཏོག་རྣམ་པར་བཀྲ་བ་ནི་འགྲན་ཟླ་བྲལ་བའི་རང་བྱུང་ཁོར་ཡུག་བཟང་པོ་ལས་བྱུང་བ་ཞིག་རེད། བྲག་ཡིབ་ཆུས་ནི་མཚོ་བོད་ས་མཐོར་ས་བབ་དམའ་ཤོས་ཀྱི་གྲས་ཡིན་པ་དང་། རི་ཆུ་མཛེས་ཤིང་ཉམས་དགའ་བ་དང་བསིལ་དྲོད་སྙོམས་པ། ཚ་གདུག་ཆེ་ཤོས་ཀྱི་ནམ་དུས་སུའང་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཟིན་གྱི་ཡོད། དེ་གར་ཉང་ཆུ་གཙང་པོ་ལྷུང་ལྷུང་དུ་བཞུད་པ་མ་ཟད། འདམ་ར་དང་། ནགས་ཚལ། རྩྭ་ར་བཅས་སྔོ་ཐིང་ངེར་གནས་ཡོད་པ་དང་ཆུས་ཡོངས་སུ་ནགས་ཚལ་ཁེབས་ཚད་54.21%ཟིན་ཡོད།

    མེ་ཏོག་ལ་བརྟེན་ནས་ཕྱུག་པོར་གྱུར་པ་ནི་ཡུལ་ལུང་དེ་གའི་སྐྱེ་ཁམས་སྔོན་ལ་འཇོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རག་ལས། བྲག་ཡིབ་ཆུས་ཀྱིས་ཕུན་སུམ་ཚོགས་པའི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་འགྱུར་བར་བྱས་པ་རེད།

    ཀ་ལ་གྲོང་ཚོའི་གྲོང་མི་ཚེ་རིང་དབང་རྒྱལ་ཉེ་འགྲམ་གྱི་རྒྱལ་ལམ་318རྒྱུད་དུ་སྐོར་གཡེང་ཡང་ཡང་རྒྱག་པ་དང་། གད་སྙིགས་མཐོང་ཚེ་རང་འགུལ་ངང་བསྒྲུགས་ནས་གྲོང་ཚོའི“ལྗང་མདོག་དངུལ་ཁང”དུ་ཁྱེར་ཏེ་སྐར་མ་གསོག་གི་ཡོད། གྲོང་མིར་ཁོར་ཡུག་སྲུང་སྐྱོང་དང་གད་སྙིགས་རིགས་དབྱེ་ཚུར་བསྡུའི་ཁྲིད་སྟོན་བྱ་ཆེད། ཀ་ལ་གྲོང་ཚོར“ལྗང་མདོག་དངུལ་ཁང”གི་སྐར་གསོག་བརྗེ་ལེན་གྱི་སྒོ་རྩིས་ཚོང་ཁང་བཙུགས་ཡོད། “བསགས་སྐར་གྱིས་རྒྱུན་མཁོའི་དངོས་རྫས་བརྗེ་ཆོག་པ་མ་ཟད། ད་དུང་ཞིང་ཕན་དངུལ་བུན་གྱི་ཡིད་རྟོན་གྲངས་ཚད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུའང་བརྩི་ཆོག ཁོར་ཡུག་འཕྲོད་བསྟེན་ལེགས་སུ་བཏང་བར་ཕན་འབྲས་ཐོན་སྐབས་གྲོང་མི་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་ནས་སྐྱེ་ཁམས་སྲུང་སྐྱོང་གི་རང་རྟོགས་ཀྱང་སྔར་བས་ཆེ་རུ་སོང་ཡོད”ཅེས་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་བཤད།

    ད་ལོའི་ཟླ་8པའི་ཟླ་མཇུག་བར། ཀ་ལ་གྲོང་ཚོའི་དུད་ཁྱིམ་13གྱི་གྲོང་མིར་ཞིང་ཕན་དངུལ་བུན་སྒོར་ཁྲི་350རག་ནས་དེ་དག་ཐོན་སྐྱེད་དང་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དེ་བཞིན་ཡུལ་སྐོར་ལས་རིགས་ཕུན་སུམ་ཚོགས་སུ་གཏོང་རྒྱུར་སྤྱད་ཡོད་པ་རེད། ཚེ་རིང་དབང་རྒྱལ་གྱིས“ལྗང་མདོག་དངུལ་ཁང”ནས་དངུལ་བུན་བཏང་བའི་སྒོར་ཁྲི་20སྤྱད་དེ་རང་ཁྱིམ་ལ་སྐྱེལ་འདྲེན་རླངས་འཁོར་ཡག་པོ་ཞིག་ཉོས་ཤིང་། ད་ལོའི་ལོ་སྟོད་ཁོ་ནར་ན་ནིང་གི་ལོ་གང་པོའི་ཡོང་འབབ་ལས་ལྷག་པ་བྱུང་ཡོད།

    “ཕྱི་ཚུལ་ནས་བལྟས་ན། ཁམ་བུའི་མེ་ཏོག་དུས་ཆེན་གྱིས་ང་ཚོ་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་པ་དང་མཚུངས། བསམ་བློ་ཞིབ་ཏུ་བཏང་ན། སྐྱེ་ཁམས་དང་ཁོར་ཡུག་བཟང་པོས་ང་ཚོར་གོ་སྐབས་འདི་སྤྲད་ཡོད”ལོ་འདི་དག་རིང་གི་འགྱུར་ལྡོག་ལས་ཉི་མ་རྡོ་རྗེར་མྱོང་ཚོར་ཟབ་མོ་བྱུང་བ་རེད། གྲོང་ཚོའི་ཏང་ཀྲི་པུས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཤིང་འཛུགས་ནགས་བཟོ་བྱེད་པ་དང་ལྗང་མདོག་གི་ར་སྐྱོར་དང་ཤིང་འབྲས་ཀྱི་སྒོ་ར་བསྐྲུན་པ་མ་ཟད། འགྲོ་ལམ་མཁྲེགས་འགྱུར་དང་ས་འོག་ཏུ་མདོང་ལམ་འཇུག་པར་སྐུལ་འདེད་བཏང་བས་གྲོང་ཚོའི་བཀོད་པ་སྔར་བས་ཉམས་དགའ་བར་གྱུར། དེར་བརྟེན་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་ཕྲོགས་ནས་འདི་གར་ཡོང་གི་ཡོད། ད་ཆ་ཀ་ལ་གྲོང་ཚོ་ནི་མཛེས་པའི“ཁམ་བུའི་མེ་ཏོག་གི་གྲོང་ཚོ”ནས་ཕྱུག་འགྱུར་གྱི“ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས”སུ་གྱུར་ཡོད་པ་རེད།

    ཡུལ་ལྗོངས་ཉམས་དགའ་བ་དེ་ཙམ་གྱིས་ག་ལ་ཚད། ཀ་ལ་གྲོང་ཚོའི་ཕྱི་རོལ་གྱི་སྤྱི་ལེ་20ལྷག་ཙམ་གྱི་སའི་ཡར་ཀླུང་གཙང་པོ་དང་ཉང་ཆུ་འདྲེས་མཚམས་ནི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ་རེད། སྟོན་འགོར། ཡར་ཉང་འདམ་རར་རླབས་འཕྲེང་གཡོ་བ་དང་བྱེ་གླིང་དུ་རྩི་ཤིང་གིས་བརྒྱན་པས་ཡིད་དབང་རབ་ཏུ་འཕྲོག

    འདམ་རའི་སྤྱི་གླིང་གི་བདག་སྐྱོང་བ་ཡིན་པའི་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་གྲོང་མི་ཉི་མ་ཕུན་ཚོགས་ཀྱིས་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་ཉིན་ལྟར་སྐོར་གཡེང་བདག་སྐྱོང་ཐེངས་གསུམ་རེ་ཆད་མེད་བྱེད་ཀྱི་ཡོད། སྲོག་ཆགས་དང་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་སྦགས་བཙོག་དངོས་པོ་གཙང་སེལ་བྱེད་སྐབས་ཁོང་གིས་ལས་རོགས་44དང་མཉམ་དུ་སྤྱི་ཆིང་8000ལྷག་ཙམ་ཟིན་པའི་ལྟ་ན་སྡུག་པའི་འདམ་རར་སྲུང་སྐྱོང་བྱེད་བཞིན་ཡོད།

    ད་ཆའི་ཡར་ཉང་འདམ་རར་རྩི་ཤིང་ཚང་ཚིང་དུ་འཁྲིགས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་བཟང་མངོན། དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་བྲག་ཡིབ་ཆུས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་འདམ་རའི་ཐོན་ཁུངས་གསར་སྤེལ་འོས་འཚམ་བྱས་པ་དང་། མཛེས་ལྗོངས་སྟེགས་བུ་བསྐྲུན་པ་དང་པང་ལེབ་ཀྱི་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་ནས་ཡུལ་སྐོར་བར་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་མཁོ་འདོན་བྱས་པ་མ་ཟད། གྲོང་མིར་ཡོང་འབབ་འཕར་བའི་ཐབས་ལམ་ཡང་རྒྱ་ཆེར་བཏང་ཡོད། 2023ལོར་ཡར་ཉང་འདམ་རས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་27ལྷག་ཙམ་ཟིན་ཡོད་པ་རེད།

    རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པའི་མཚོ་བོད་ས་མཐོར་བགྲང་གིས་མི་ལང་བའི་སྲོག་ཆགས་དང་རྩི་ཤིང་། ལྟ་བས་རོལ་མི་ཚར་བའི་རི་ཆུ་ཁྲི་སྟོང་ཡོད། “སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་བྲག་ཡིབ་ཆུས་འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་ཤོས་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་བྲག་ཡིབ་ཆུས་ཡན་ལག་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་བཀྲ་ཤིས་ཀྱིས། བྲག་ཡིབ་ཆུས་ཀྱིས་སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྐྱེ་ཁམས་ཞིང་ལས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་སྐྱེ་ཁམས་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་བྱས་ཡོད། 2023ལོར་བྲག་ཡིབ་ཆུས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་363ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་34ཙམ་བྱུང་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།