དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཧྲང་ཧའེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་14སོང་རིང་།

    ​ སློབ་གསོའི་འོད་སྣང་ས་མཐོའི་བུ་ཕྲུག་ཚོའི་འབྱུང་འགྱུར་ལ་འཕྲོ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཙེ་ཆི།   |     སྤེལ་དུས།  2024-09-13

    མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གྲོང་བྱང་ཁུལ་དུ་གནས་ཤིང་། མིག་སྔར་སློབ་མ་800ལྷག་ཙམ་ཡོད་པའི་ནང་ནས་སློབ་མ་70%ཙམ་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་འབྲོག་ཁུལ་ནས་ཡིན་པ་རེད། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་ཁྲང་ཐུའུ་ཡིས་ཕྲུ་གུ་ཚོ་སྤྱང་གྲུང་དོད་པ་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་བྱུང་བ་མཐོང་སྐབས་ང་ཚོས་སྒྲུབ་པའི་ལས་དོན་ལ་འབྲས་བུ་ཐོན་འདུག་སྙམ་གྱི་འདུག་ཅེས་བཤད།

    2010ལོར་ཧྲང་ཧའེ་ཡིས་མགོ་ལོག་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་དང་སློབ་གསོ་ནི་གཙོ་གནད་རོགས་སྐྱོར་ཁྱབ་ཁོངས་ཀྱི་གྲས་ཤིག་རེད། 2017ལོར་ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱིས་ས་བབ་ཅུང་དམའ་བ་དང་སློབ་གསོའི་ཐོན་ཁུངས་གཅིག་སྡུད་ཆེ་བའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དུ་མ་དངུལ་སྒོར་དུང་ཕྱུར་1.45བཏང་ནས་མཉམ་དུ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་བཙུགས་པ་རེད།

    ཁྲང་ཐུའུ་ནི་སྔོན་མ་ཧྲང་ཧའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞོར་གཏོགས་ཁྲུའུ་ནེང་སློབ་འབྲིང་གི་རྫས་འགྱུར་དགེ་རྒན་ཞིག་ཡིན་ཞིང་། 2022ལོར་ཁག་ལྔ་པའི་ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་གི་དགེ་རྒན་7གྱིས“ཚོགས་སྒྲིག་རྣམ་པའི”ཐོག་ནས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལ་རོགས་སྐྱོར་བྱས་ཤིང་། ཁྲང་ཐུའུ་ནི་ཁོང་ཚོའི་གྲས་ཤིག་ཡིན་ལ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱིའི་འགན་འཁུར་ཡོད།

    སློབ་སྤྱི་བྱས་མ་ཐག་ཁོང་གིས་དགེ་རྒན་དཔུང་ཁག་གི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང“ནང་འདྲེན”དང“ཕྱིར་སྐྱོད”ཟུང་འབྲེལ་བྱ་རྒྱུའི་བློ་ཐག་བཅད། ཁོང་གིས་ཕྱོགས་གཅིག་ནས་ཧྲང་ཧའེ་ཏ་ཐུང་སློབ་གསོ་ཚོགས་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ཚོགས་པ་དེའི་ཁོངས་མིའི་སློབ་གྲྭར་འགྱུར་བར་བྱས་ཏེ་སློབ་གྲྭའི་དོ་དམ་ཚོགས་པར་མཛུབ་ཁྲིད་དང་། དགེ་རྒན་ཚོགས་པ་གསོ་སྦྱོང་། སློབ་གྲྭའི་སློབ་ཚན་བཀོད་སྒྲིག་སོགས་ལ་ཤུགས་སྣོན་བརྒྱབ་པ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭའི་དགེ་རྒན“ཕྱིར་སྐྱོད་རྒྱུར”ལྕག་སྐུལ་བྱས་པར་བརྟེན་རྐང་འཛིན་དགེ་རྒན་མང་པོ་ཞིག་ཧྲང་ཧའེ་ཡི་གྲགས་ཅན་སློབ་གྲྭ་ཁག་ཏུ་ཟབ་སྦྱོང་ལ་བསྐྱོད་ཡོད།

    སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྲུ་གུ་དེ་བས་མང་བའི་རང་ངོས་ཀྱི་ནུས་པ་སྔོག་འདོན་དང་འཕེལ་རྒྱས་གཏོང་ཆེད། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་ཚོས་བློ་ཁོག་ཆེན་པོས་སློབ་ཚན་བཀོད་སྒྲིག་ཐད་གསར་གཏོད་བྱས་ཡོད། 2023ལོར་སློབ་གྲྭས་ཧྲང་ཧའེ་ཡི་ཐོན་ཁུངས་ནང་འདྲེན་བྱས་ནས་མི་ཐབས་རིག་ནུས་ཚོད་ལྟ་ཁང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་ཤེས་དཔལ་འགྲེམས་ཁང་སོགས་བཙུགས་པ་མ་ཟད། རོལ་དབྱངས་ཚོགས་པ་དང་ཡིག་གཟུཌ་ཚོགས་པ་ཡང་བཙུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་བསྐྲུན་ནས་སློབ་མ་བསྡུ་འགོ་བཙུགས་ཚུན། རིམ་རྩིས་བྱས་ན། ཐེམ་ཁུངས་མགོ་ལོག་ནས་ཡིན་པའི་སློབ་མ་1700ལྷག་ཙམ་བསྡུས་པ་དང་། ལོ་3བསྟུད་མར་སློབ་ཆེན་ལ་སློབ་མ་ཚུད་ཚད་100%ཟིན་པ་མ་ཟད། འབྲིང་རྒྱུགས་ཀྱི་སྦྱངས་འབྲས་ཀྱང་ཞིང་ཆེན་དེ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།