དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚེ་རིང་ལྷ་མོ། གཅེས་སེམས་ལ་བརྟེན་ནས་དབང་སྐྱོན་བྱིས་པར་དྲོ་སྐྱིད་སྦྱིན་མཁན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    ཚེ་རིང་ལྷ་མོ་སློབ་གསོའི་བྱ་བར་ཞུགས་ནས་ལོ་28སོང་ཡོད། ཆེས་ཕལ་པ་དང་ཆེས་དམིགས་བསལ་གྱི་ལས་གནས་དེར་ཁོང་གིས་མ་ཡི་འདུ་ཤེས་བཅངས་ནས་དབང་སྐྱོན་བྱིས་པ་རྣམས་ཀྱི་འཚར་ལོངས་ལ་གཅེས་སྐྱོང་བགྱིས་ཏེ། དམིགས་བསལ་གྱི་བརྩེ་བ་དྲོན་མོ་དམིགས་བསལ་གྱི་སློབ་གསོར་ཕུལ་བ་དང་སློབ་མའི་ཡིད་ཀྱི་ཞིང་སར་རེ་བའི་ས་བོན་རེ་རེ་གཏོར་བཞིན་ཡོད།

    གསར་འགོད་པ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་སྐྱོད་སྐབས། སློབ་སྤྱི་གཞོན་པ་ཅང་ཐའོ་ཡིས་ཡུལ་གཞན་དུ་ཡོད་པའི་སློབ་སྤྱི་ཚེ་རིང་ལྷ་མོ་དང་བརྙན་ལམ་ནས་ཁ་པར་རྒྱག་བཞིན་མཆིས། མ་གཞི་ཚེ་རིང་ལྷ་མོ་ཡུལ་གཞན་དུ་ཡོད་པའི་དབང་གིས་སློབ་གྲྭར་དུས་ཐོག་ཏུ་ཕྱིར་ལོག་ཐུབ་མེད་ཀྱང་། ཁོང་གིས་ཉིན་ལྟར་དྲ་ཐོག་ནས་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད།

    1994ལོའི་ཟླ་བ་བདུན་པར། ཚེ་རིང་ལྷ་མོ་བོད་ལྗོངས་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། མི་དམངས་ཀྱི་དགེ་རྒན་ཞིག་བྱ་རྒྱུའི་བློ་ཐག་བཅད་པ་ལྟར། ཨ་མདོ་རྫོང་སློབ་འབྲིང་དུ་དཔེ་ཁྲིད་མི་སྐྱོང་གི་ལས་ལ་ཞུགས། དེ་རྗེས་ལས་སྒྱུར་བྱས་ཏེ་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་སློབ་འབྲིང་དང་། ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་དུ་དགེ་རྒན་བྱས། 2013ལོར། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པ་དང་བསྟུན་ནས། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཁོང་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱིར་ལས་གནས་འཕོས་ཏེ། དམིགས་བསལ་སློབ་གསོའི་ལམ་བུར་འགྲུལ་བཞུད་ཀྱི་འགོ་བརྩམས། 2019ལོར། གསར་འགོད་པས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་བཅར་འདྲི་བྱེད་སྐབས། ལོང་བའི་སློབ་མ་ཆུང་ཆུང་དཀར་གསལ་ལྷ་མོ་དང་ཕྲད། སྐབས་དེ་དུས་ང་ཚོས་ཚེ་རིང་ལྷ་མོ་དང་། དཀར་གསལ་ལྷ་མོར་བརྙན་མིག་བརྒྱུད་དེ་ཁོང་གཉིས་པོའི་གླེང་མོལ་བྱེད་པའི་རྣམ་པ་པར་དུ་བླངས། ཚེ་རིང་ལྷ་མོའི་རོགས་རམ་ལས། གྲུང་ཤ་དོད་ལ་གླུ་ལེན་པར་དགའ་བའི་དཀར་གསལ་ལྷ་མོས་རིམ་གྱིས་ཀང་ཆིན་དཀྲོལ་བ་དང་། དཔེ་དེབ་ཀློག་པ། ཡི་གེ་འབྲི་ཤེས་པར་གྱུར།

    དཀར་གསལ་ལྷ་མོ་དང་འདྲ་བའི་ཕྲུ་གུ་ཚོར་གཅེས་སྐྱོང་བྱ་ཆེད། ཚེ་རིང་ལྷ་མོས་ལག་བརྡར་བརྟེན་ཏེ་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་སྟངས་སྦྱངས་ཤིང་། དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་སེམས་ལ་བཅངས་ཏེ། གཅེས་སེམས་དང་། ངང་རྒྱུད་རིང་པོ། ལས་ཀའི་འགན་སེམས། ཆེད་ལས་བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་གྱི་སློབ་གསོའི་མན་ངག་ཅིག་རྙེད། གཅེས་སེམས་དང་ལྕག་སྐུལ་གྱིས་ཕྱུག་པའི་མིག་ཟུང་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་བུམ་པ་གང་བྱོའི་ཚུལ་གྱི་སློབ་ཁྲིད་བྱེད་སྟངས་ལས་ཚེ་རིང་ལྷ་མོ་ནི་སློབ་མ་ཚོའི་ཆེས་དགའ་སའི་དགེ་རྒན་ཞིག་ཏུ་གྱུར།

    དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་མའི་རང་མགོ་རང་ཐོན་གྱི་ནུས་པ་གསོ་སྐྱོང་དང་། རྒྱུན་གཏན་གྱི་རིག་གནས་སློབ་ཚན་སློབ་ཁྲིད་བྱེད་པ་ཕུད། དེ་ལས་གལ་འགངས་ཆེ་བ་ཞིག་ནི་ཕྲུ་གུའི་འབྱུང་འགྱུར་ལ་དམིགས་པའི་ལས་རིགས་སློབ་གསོའི་སྦྱོང་བརྡར་སྤྲོད་རྒྱུ་དེ་རེད། ཚེ་རིང་ལྷ་མོ་དང་ལས་རོགས་རྣམ་པའི་ཐུན་མོང་གི་འབད་འཐབ་བརྒྱུད། རྫ་ཆས་བཟོ་རྩལ་འཛིན་གྲྭ་དང་། འཚེམ་བཟོའི་འཛིན་གྲྭ མ་བྱན་འཛིན་གྲྭ་སོགས་ལས་རིགས་སློབ་གསོའི་སློབ་ཚན་རབ་དང་རིམ་པ་བཙུགས་པ་དེས། ཕྲུ་གུ་ཚང་མར་རང་ཉིད་ཀྱི་དགེ་མཚན་དང་མཐུན་པའི་མི་ཚེའི་ཁ་ཕྱོགས་རེ་རྙེད་ཡོད།

    དཀའ་སྤྱད་ས་བོན་བཏབ་གྱུར་ན། དགོས་འདོད་འབྲས་བུ་ཆར་དུ་བསྙིལ་ཞེས་པ་ལྟར། ཚེ་རིང་ལྷ་མོ་དགའ་འོས་པ་ཞིག་ནི། སློབ་གྲྭ་དེ་ནས་ཐོན་པའི་སློབ་མའི་ཁྲོད་དུ། སློབ་མ་33གྱི་ལས་ཞུགས་ལས་གཏོད་མངོན་འགྱུར་བྱུང་བ་དང་། སློབ་མ་14འབྲིང་རིམ་ཆེད་ལས་འཛིན་གྲྭར་སློབ་གནས་འཕོས་པ། སློབ་མ་16སྤྱིར་བཏང་གི་སློབ་མ་གཞན་ལྟར་འཛིན་གྲྭ་དང་མཉམ་དུ་སློབ་གཉེར་བྱེད་པའི་སྐལ་བ་བྱུང་ཡོད་ལ། སློབ་མ་2སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་ཡོད།

    གཅེས་སེམས་ཀྱི་ཞིང་ས་གཤིན་པོར། རེ་འབྲས་ཀྱི་ལོ་ཏོག་སྨིན་བྱུང་། ཚེ་རིང་ལྷ་མོས་རང་གི་ཆེས་མཛེས་པའི་ལང་ཚོ་དང་། བརྩེ་སེམས་ཀྱི་དར་སྐུད་རིང་མོ་དམིགས་བསལ་སློབ་གསོའི་སློབ་གྲྭར་སྐྱེས་སུ་ཕུལ་ཞིང་། མེ་ཏོག་ལྟ་བུའི་སྙིང་རྗེ་བའི་ཕྲུ་གུ་ཚོའི་རྒྱུད་ལ་བཏབ་པའི་ས་བོན་གྱིས་ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་དང་། བོད་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ཡོད་ལ། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་ཡང་སྔ་རྗེས་སུ་བོད་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་རབ་དང་རིམ་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།