དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བཟོས་པའི་ལག་ཐོགས་ཁ་པར་ཨ་ཧྥེ་རི་ཁར་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་6ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་བཟོ་ལས་གླིང་གི་མཚོ་ཤར་ཐའེ་ཤུན་རིག་ནུས་འཕྲིན་གཏོང་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད་པ་སྟེ། སྐར་མ་ཉི་ཤུ་ལྷག་ཙམ་རིང་རྒྱུན་མཐུད་ལས་ཀ་བྱས་པ་བརྒྱུད་GSMལག་ཐོགས་ཁ་པར(གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་མ་ལག་གི་ལག་ཐོགས་ཁ་པར)གཅིག་སྒྲིག་སྦྱོར་ཐུབ་པ་དང་། སླར་ཡང་ཞིབ་བཤེར་དང་། ཚོད་ལྟ། རྟགས་བཤེར་ཐུམ་སྒྲིལ་བཅས་ཞིབ་ཚགས་བྱས་རྗེས་ལག་ཐོགས་ཁ་པར་དེ་དག་བཟོ་གྲྭ་ནས་ཐོན་ཏེ་སྒོ་ཁྲལ་རེ་ཞུ་བྱས་མཐར་ཨ་ཧྥེ་རི་ཁའི་འཛད་སྤྱོད་པར་སྐྱེལ་སྤྲོད་བྱེད་ཀྱི་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མཚོ་ཤར་ཐའེ་ཤུན་གྱིས་འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་གྱི་རིམ་རྩིས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་98.3%འཕར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཟི་ལིང་འགག་སྒོས་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག“ཀོན་ཀྲང་གིས་སྲིད་ཇུས་སྒོ་རྩར་སྐྱེལ་བ”དང་ཟུང་འབྲེལ་བྱས་ནས་ཁེ་ལས་ཁག་ལ་ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཀྱི་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་གསར་ཤོས་ཁོང་དུ་ཆུད་རྒྱུར་མཛུབ་ཁྲིད་བྱས་པ་མ་ཟད་ད་དུང་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་ཆད་མེད་པར་སྤྲད་དེ། ཁེ་ལས་ཁག་ལ་རྒྱལ་ཕྱིའི་ཁྲོམ་ར་གཏོད་རོགས་བྱས་པ་དང་ཆབས་ཅིག ཁེ་ལས་ལ་ཕན་ཆེའི་འགག་སྒྲོལ་ཞབས་འདེགས་ཞུས་ནས་ཁེ་ལས་ཁག་གི་ཕྱིར་གཏོང་ཐོན་རྫས་གཏོང་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་རྩིས་བྱས་ན་ཨ་ཧྥེ་རི་ཁའི་ཁྲོམ་རར་GSMལག་ཐོགས་ཁ་པར་ཕྱིར་གཏོང་བྱས་ཚད་ཁྱོན་སྒོར་ཁྲི་2976ཟིན་པ་དང་ན་ནིང་གི་དུས་མཚུངས་སུ་ཕྱིར་གཏོང་བྱས་མེད་པ་རེད། GSMལག་ཐོགས་ཁ་པར་དེ་ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་པའི་མཚོ་སྔོན་གྱི་མིང་བྱང་གསར་པར་གྱུར་ཡོད་པ་རེད།

    མཚོ་ཤར་ཐའེ་ཤུན་གྱི་འགན་འཁུར་བ་གཙོ་བོ་ཁྲེན་ཚའེ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་ཤར་ཐའེ་ཤུན་གྱིས་མིག་སྔར་ལོ་ལྟར་ལག་ཐོགས་ཁ་པར་ཁྲི་བརྒྱ་ཐོན་སྐྱེད་ཐུབ་པའི་གློག་རྡུལ་རིག་ནུས་ཀྱི་མཐའ་སྣེའི་ཐོན་སྐྱེད་སྒྲུབ་རིམ་དང་ལེ་ལག་ཚང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས། ཉིན་རེར་ལག་ཐོགས་ཁ་པར་5000ཐོན་སྐྱེད་ཐུབ་ཀྱི་ཡོད་པ་རེད། སྤུས་ཚད་མཐོ་བའི་ཐོན་རྫས་དང་བློས་འགེལ་ཆོག་པའི་ཞབས་ཞུ་ཡོད་པས་ཕྱིར་གཏོང་མངགས་ཐོ་རྒྱུན་མཐུད་འཕར་བཞིན་ཡོད་པ་རེད། ཀུང་སི་དེས་ཐོན་སྐྱེད་བྱས་པའི་བརྙན་ཤེལ་ཆུང་བའི་GSMགྲངས་འཛིན་རྣམ་པའི་ལག་ཐོགས་ཁ་པར་སྤྱོད་མཁན་གཙོ་བོ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཡིན་པ་དང་། ཟི་ལིང་འགག་སྒོའི་ཁྲིད་སྟོན་དང་རོགས་རམ་འོག་མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་8ལ་བྲིན་ཁ་རྒྱུག་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།