མཚོ་སྔོན་ཁྲལ་དོན་ཅུས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་9ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི“མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”ཞེས་པའི་ཁྲལ་དོན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ། སྲིད་ཇུས་དོན་འཁྱོལ་བྱས་འབྲས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་། ནུས་ཕྱོད་ཁྲལ་དོན་བཏོད་དེ་ཁྲལ་རིན་བསྡུ་ལེན་དོ་དམ་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ། དམངས་ལ་ཕན་འདོགས་པའི་བརྩེ་བ་ཟབ་པའི་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ། ནུས་ཤུགས་གཅིག་སྒྲིལ་གྱིས་ཁྲལ་བསྡུ་དེང་རབས་ཅན་ལ་འགྱུར་བར་བྱས་ནས་ཞིང་ཆེན་དེ་གའི་ཁྲལ་དོན་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
འདི་ལོ་ཚུན་དུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཞིང་ཆེན་ཚན་རྩལ་ཐིང་དང་མཉམ་འབྲེལ་ཐོག་ཞིང་ཆེན་དེ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་འོས་སྦྱོར་ཚོགས་འདུ་འཚོགས་ཏེ། ཕྱོགས་གཉིས་པོས་ཕྱོགས་གསུམ་གྱི་བྱེད་ཐབས་ཁག་13མཉམ་དུ་བཏོན་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་འཕེལ་བར་བྱས་ཡོད། 《གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་པ་གསར་བརྗེས་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》བཟོས་པ་དང་རིགས་ཁག་3དང་བྱེད་ཐབས་ཁག་11བཏོན་ཏེ། ཞིང་ཆེན་དེ་གའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་པ་གསར་བརྗེས་ལ་ཁྲལ་གྱི་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། ད་ལོའི་ལོ་སྟོད་དུ་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཐད། ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་བྱས་པར་སྒོར་དུང་ཕྱུར་21.38ཟིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོ་བསྡོམས་ཁྲི་30ལྷག་ཙམ་ལ་རམ་འདེགས་བྱས་ནས་དམངས་འཚོའི་འཛད་སྤྱོད་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
ནུས་ཕྱོད་ཁྲལ་དོན་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། ཁྲལ་གྲོན་མཉམ་སྒུལ་གྱི་ཁྲལ་བསྡུ་དོ་དམ་གྱི་ཞབས་ཞུའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། འགན་ནུས་སྡེ་ཚན་དང་གྲངས་གཞི་བརྗེ་རེས་ཀྱི་ཐབས་ལམ་ཤར་གཏོང་བཅས་བྱས་ཏེ། གྲངས་གཞིར་བརྟེན་ནས་ཁྲལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད། ཁྲལ་གཉེར་གྲོན་འཇལ་རེ་ཞུ་གནད་ལ་འཁེལ་པོས་དབྱེ་ཞིབ་དང་ཐག་གཅོད་བྱས་པས་ཞིང་ཆེན་ཡོངས་ཀྱི་སྡེ་ཚན་དང་རིམ་པ་བརྒལ་ནས་ཁྲལ་གྲོན་སྒྲུབ་གཉེར་གཞན་སྒྱུར་བྱེད་གྲངས་ན་ནིང་གི་དུས་མཚུངས་ལས་31.94%ཆག་པ་དང་ཆ་སྙོམས་བྱས་ན་ཐག་གཅོད་བྱེད་ཡུན་40%ཐུང་དུ་ཕྱིན་ཡོད། ཆ་འཕྲིན་ཅན་དང་རྣམ་གྲངས་ཅན་ཟུང་འབྲེལ་གྱི་རིམ་སྤོར་ཞབས་ཞུ་དོ་དམ་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་། “གྲངས་འཛིན་ཅན་གྱི་འདེགས་སྐྱོར་དང་ཆ་འཕྲིན་ཅན་གྱི་སྐུལ་འདེད”ཀྱི་རིམ་སྤོར་ཞབས་ཞུ་དོ་དམ་གྱི་ལམ་སྲོལ་གསར་པ་བཏོད་ནས་བཏོན་པ་དང་རིམ་སྤོར་ཞབས་ཞུ་དོ་དམ་གྱི་གཙོ་གནད་རྣམ་གྲངས་24གཏན་འཁེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་ལས་དོན་གྱི་ནུས་ཕྱོད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།