གནས་གཏན་འཁེལ་གྱི་རོགས་སྐྱོར་ཏན་ཏིག་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱས་པ།
མུ་མཐའ་མི་མངོན་པའི་རྩྭ་ཐང་སྔོ་ཐིང་ངེར་གནས་ཤིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་གི་ཡུལ་ལྗོངས་པིར་གྱིས་བྲིས་པ་བཞིན་ལྟ་ན་སྡུག རྒན་གྱའི་སྦས་ལུང་སྐྱེ་ཁམས་སྒར་སར་སྒྲོམ་གཞི་ལྕགས་ཀྱིས་བསྐྲུན་པའི་མགྲོན་ཁང་25མངོན་གསལ་ཧ་ཅང་དོད་ཅིང་། བསང་ཆུ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་དཀོན་མཆོག་ཚེ་རིང་གིས“ཡུལ་སྐོར་བ་མང་བའི་ནམ་དུས་སུ་དུས་རྒྱུན་ཞག་སྡོད་རིན་གོང་སྒོར་1000ལྷག་ཙམ་བྱས་པའི་ཁང་མིག་གཅིག་གི་མགྲོན་ཁང་གི་ཞག་སྡོད་རིན་གོང་ལྡབ་གཅིག་འཕར་ནས་གཟའ་འཁོར་གཅིག་གི་གོང་ནས་མངགས་ན་མ་གཏོགས་རག་གི་མེད”ཅེས་བརྗོད།
རྒན་གྱའི་སྦས་ལུང་སྐྱེ་ཁམས་སྒར་ས་ནི་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ“ཀྲུང་གོ་མཚོ་སྣུམ་ཚོགས་པ”ཞེས་བསྡུ་རྒྱུ)རོགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། “ཀྲུང་དབྱང་ཚན་པས་གནས་གཏན་འཁེལ་གྱི་མི་རྒྱུ་དངོས་གསུམ་གྱི་སྟབས་བདེའི་རོགས་སྐྱོར་བྱས་པ་ཙམ་མ་ཡིན་པར་ཕུགས་ལ་གཞི་ཚུགས་ཏེ་ཀྲུང་དབྱང་ཁེ་ལས་ཀྱི་སྔོན་ཐོན་གྱི་གཉེར་སྐྱོང་འདུ་ཤེས་དང་། རྒྱལ་སྤྱིའི་མཐོང་རྒྱ་ཆེ་བ། ཚོར་སྣང་སྐྱེན་པའི་ཁྲོམ་རའི་འདུ་ཤེས་བཅས་ལ་བརྟེན་ནས། ས་གནས་དེ་གར་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་རོགས་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དངོས་འབྲེལ་ཡོང་བར་བྱས་ཡོད”ཅེས་ཀྲུང་གོ་མཚོ་སྣུམ་ཚོགས་པ་གྲོང་གསེབ་དར་རྒྱས་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས། རྒན་གྱའི་སྐྱེ་ཁམས་སྦས་ལུང་སྒར་སའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཀྲུང་གོ་མཚོ་སྣུམ་ཚོགས་པས་མཚོ་ཐོག་སྣུམ་ཞིང་བསྐྲུན་པའི་བསམ་ཕྱོགས་གཞིར་བཟུང་། སྒྲིག་སྦྱོར་གྲུབ་ཆ་སྤྱད་པ་དང་། ཁང་པ་ཁ་ཤས་ཐ་ན་ཐད་ཀར་དོས་སྒམ་སྒྱུར་བཀོད་བྱས་ནས་བཟོས་པ་ཞིག་རེད། དེ་ལྟར་བྱས་པ་བརྒྱུད་ཨར་ལས་སྟབས་བདེ་རུ་ཕྱིན་ནས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཆུང་དུ་ཕྱིན་པ་མ་ཟད། ད་དུང་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། དེ་རྗེས་ཀྲུང་གོ་མཚོ་སྣུམ་ཚོགས་པས་ཀན་ལྷོའི་རྩྭ་ཐང་དུ་བསང་ཁོག་གནས་མཆོག་དང་རྟ་རྫོང་འབྲོག་རའི་སྒར་ས་གཉིས་སྐྲུན་རོགས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བརྗོད།
ཀྲུང་གོ་མཚོ་སྣུམ་ཚོགས་པའི་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་རྫོང་དང་གྲོང་ཁྱེར་མང་ཆེ་བ་ནི་ཀན་ལྷོ་དང་འདྲ་བའི་ས་བབ་མཐོ་བའི་ས་ཁུལ་ཡིན་ཞིང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་ཡུལ་སྐོར་བ་མང་བའི་ནམ་དུས་ཐུང་ཐུང་རེད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ཕུད། ཀྲུང་གོ་མཚོ་སྣུམ་ཚོགས་པས་ས་གནས་ཁག་གི་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ཡོད། ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་ཀྲོ་ཙི་རྫོང་དུ“ཀྲོ་ཙིའི་བདུགས་བཟོས་བྱ་ཤའི”སྤུས་ཚད་འགན་ལེན་གྱི་དུས་ཡུན་ཐུང་བའི་དཀའ་གནད་ལ་དམིགས་ནས་ཀྲུང་གོ་མཚོ་སྣུམ་ཚོགས་པས་མ་དངུལ་བཏང་ནས་སོས་ཉར་སྒྲིག་ཆས་ཉོ་རོགས་བྱས་ཏེ་བདུགས་བཟོས་བྱ་ཤའི་ཚོང་ལམ་དེ་བས་རྒྱ་ཆེར་བཏང་ཡོད། ཧའེ་ནན་ཞིང་ཆེན་པའོ་ཐིང་ལི་རིགས་མེའོ་རིགས་རང་སྐྱོང་རྫོང་དུ་པའོ་ཐིང་གི་ཤིང་ཏོག་ཧུང་མའོ་ཏན་དང་ལིའུ་ལེན་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད“པའོ་ཐིང་ཆིས་ཤན”ཞིང་ལས་སྤྱི་སྤྱོད་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ། ཞིང་ལས་ཐོན་རྫས་ལ་སྤུས་རྟགས་ཡོད་པར་བྱས་ནས་ཁྲོམ་ར་རིམ་བཞིན་རྒྱ་ཆེར་བཏང་ཡོད།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཤེས་ལྡན་པའི་འགན་ལེན་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་མཚོ་སྣུམ་ཚོགས་པས་རོགས་སྐྱོར་བྱ་ཡུལ་རྫོང་གི་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། བསང་ཆུ་རྫོང་ཁོ་ནར་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ལས་བྱེད་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ། ཆེད་ལས་ལག་རྩལ་ཤེས་ལྡན་པ་སོགས་མི་ཐེངས་2500ལྷག་ཙམ་གསོ་སྦྱོང་བྱས་ཡོད། འདི་ལོ་ཀན་ལྷོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ཀྲུང་གོ་མཚོ་སྣུམ་ཚོགས་པས་བོད་ཟས་ཀྱི་མ་བྱན་ཆེ་མོའི་གསོ་སྦྱོང་འཆར་གཞི་སླར་ཡང་ལག་བསྟར་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ཤིང་། “ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་རིང་ཀྲུང་གོ་མཚོ་སྣུམ་ཚོགས་པར་ལོ་7བསྟུད་མར་རིམ་པ་མཐོ་ཤོས་ཀྱི་གདེང་འཇོག་ཐོབ་ཡོད”ཅེས་ཝང་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་ཀྲུང་གོ་མཚོ་སྣུམ་ཚོགས་པས་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་དམིགས་ནས་རྒྱུན་མཐུད་ཤུགས་བརྒྱབ་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།