དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་ནན་བཤད་གནང་དོན།

    མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས།

    ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-12

    ཟླ་9ཚེས་9དང་10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་མ་ཟད། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ།

    ཟླ་9ཚེས་9ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཚའེ་ཆི། ཏིང་ཤུའེ་ཞང་སོགས་ཀྱིས་པེ་ཅིང་དུ་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོར་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

    ལི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཞུགས་པ། ཏིང་ཤུའེ་ཞང་གིས་གསུང་བཤད་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9དང་10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་རྨི་ལམ་དུའང་ཐོབ་རེ་བྱེད་པའི་འདུན་པ་བཟང་པོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྔོན་ཁྲིད་ལས་འགན་དང་། རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན་པས། ངེས་པར་དུ་དམིགས་གཏན་འཁེལ་བའི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་9ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཞུགས་པ། ཏིང་ཤུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སློབ་གསོ་དེ་ཉིད་རྒྱལ་ཁབ་ཀྱི་དོན་ཆེན་དང་ཏང་གི་དོན་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སློབ་གསོ་དེང་རབས་ཅན་ལ་གང་མགྱོགས་འགྱུར་བར་བྱེད་པའི་ཐབས་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་རྒྱུ་བཏོན་པ། 2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་པ། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་པ། སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་གོམ་པ་བརྟན་པོ་སྤོས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཡིན་པས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་དང་། ཤེས་ལྡན་པའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་ལེན་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་བཅས་ཆེན་པོ་ལྡན་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ང་ཚོས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དེར་དམ་པོར་དམིགས་པ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་བེད་སྤྱོད་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བ་དང་། ཤེས་བྱ་སྦྱོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ། ཚད་ལྡན་དང་གོ་རིམ་ལྡན་པ་དང་གསོན་ཤུགས་འཕེལ་བར་བྱེད་པ། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྦྱོང་བསླབ་སྐྱོང་བྱས་ནས་དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་དགོས། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་པ་དང་ལེགས་སུ་བཏང་སྟེ། གཞོན་ནུ་ལོ་ཆུང་སློབ་མར་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གདེང་ཚོད་བཅས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ནས། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་ཆེན་པོ་འཛུགས་པ་དང་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་པ་བྱེད་དགོས། དུས་རབས་གསར་པའི་འཕོ་འགྱུར་རླབས་པོ་ཆེའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་སྤྱོད་པར་དོ་སྣང་ཆེན་པོ་བྱེད་པ་དང་གསར་བརྗེའི་ཐོན་ཁུངས་ཀྱི་མི་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལག་ལེན་ནས་མི་སྐྱོང་བ་དང་དྲ་རྒྱ་ནས་མི་སྐྱོང་བའི་བར་མཐོངས་དང་གཡུལ་ས་མུ་མཐུད་རྒྱ་སྐྱེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལ་སྤྱི་འདོམས་དང་ལག་བསྟར་བྱས་ནས་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་སྐུལ་འདེད་མཉམ་དུ་གཏོང་དགོས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་སྣེ་ཁྲིད་དུ་བྱས་ནས། གསར་གཏོད་བྱེད་ནུས་ཇེ་ཆེར་གཏོང་བར་དམིགས་པ་དང་། མཐོ་རིམ་སློབ་གསོའི་བཀོད་སྒྲིག་ལེགས་སུ་གཏོང་བ། མཐོ་སློབ་ཀྱི་རིག་ཚན་བཀོད་སྒྲིག་དང་ལེགས་སྒྲིག་གི་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྨང་གཞིའི་རིག་ཚན་དང་། གསར་དར་རིག་ཚན། སྣོལ་འདྲེས་རིག་ཚན་བཅས་འཛུགས་སྐྱོང་དང་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། སློབ་གྲྭ་དང་ཁེ་ལས་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྲུབ་འབྲས་དེ་བས་མང་བ་ཐོན་སྐྱེད་ནུས་ཤུགས་དངོས་ལ་གང་མགྱོགས་འགྱུར་བ་བྱེད་དགོས། ལས་དཀྱུས་མཉམ་མཐུད་དང་ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་བཙུགས་ནས་རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། ལག་ཤེས་མཁས་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་གསོ་སྐྱོང་ཤུགས་ཆེན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་། ཁྱབ་ནུས་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལས་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་དང་འོས་འགན་སློབ་གསོ་འཕེལ་རྒྱས་སྤུས་ལེགས་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭའི་དབར། ཚོགས་པ་བཅས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་དགོས། “གཉིས་ཡང”གི་གྲུབ་འབྲས་སྲ་བརྟན་དུ་རྒྱུན་མཐུད་བཏང་སྟེ་སློབ་ཁང་གི་སློབ་ཁྲིད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་ཕན་པ་ཐོབ་རྒྱ་ཆེ་རུ་བཏང་ནས་ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ནས་བློ་སྦྱོང་དང་དགེ་རྒན་སྟོབས་ཆེར་གཏོང་བའི་བྱ་སྤྱོད་སྤེལ་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བཅས་བྱེད་དགོས། དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་བཏང་ནས་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་དགེ་རྒན་ལས་རིགས་ཀྱི་ལ་རྒྱ་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་དགེ་རྒན་ལ་བླ་ན་མེད་པའི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པ་དང་སྤྱི་ཚོགས་ནས་བརྩི་བཀུར་ཆེ་ཤོས་ཐོབ་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ནང་འདྲེན”དང“ཕྱིར་སྐྱོད”ལ་སྤྱི་འདོམས་བྱས་ཏེ་རང་རྒྱལ་གྱི་སློབ་གསོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་དང་། འགྲན་རྩོད་ནུས་པ། སྐད་ཆ་ཤོད་དབང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་སློབ་གསོ་ཚན་ཞིབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་སློབ་གསོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས།

    ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཐོན་པའི་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་གཞི་རྩའི་ཐབས་ལམ་ལ་གོ་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་པར་རྒྱས་བཤད་གཏིང་ཟབ་གནང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བཅས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པ་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་ཡིན་པས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་ཡང་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག བྱས་རྗེས་དངོས་དོན་གཉེར་དང་། ཐབས་ཇུས་གནད་འཁེལ་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་རྐྱང་རྩོམ་དགོས་ཞེས་གསུངས་པ་རེད།

    ཏིང་ཤུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱས་ཏེ་མི་བཟང་སྐྱོང་བའི་གཞི་རྩའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཡག་པོ་ཞིག་གཏོད་དགོས། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གང་མགྱོགས་འཛུགས་པ་དང་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས་སློབ་གསོའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། ཐོབ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་གལ་ཆེན་བརྟན་དུ་ཡག་པོ་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སློབ་གསོའི་སྒོ་དབྱེར་སྐུལ་འདེད་བཏང་སྟེ་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་ཡག་པོ་འཛུགས་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཚོགས་ཆེན་གྱི་དགོངས་དོན་མི་སེམས་སུ་ཟུག་པ་དང་ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། ལེའོ་ཉིང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། པེ་ཅིང་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱེད་སྒོར་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། འཐུས་མི་ཚོ་དང་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།