དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-11

    ཟླ་9ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་སི་ཐེ་ལེར་རྒྱལ་པོ་ཁྲི་ཐོག་ལྔ་པ་ཧ་ལེར་ལ་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནོར་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་བཅས་བྱས་པས་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་ནོར་ཝེའི་མཛའ་གྲོགས་མཉམ་ལས་སྔར་བས་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འདུན་པ་དང་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། འཛམ་གླིང་རྒྱལ་ཁབ་ཁག་དབར་སྔར་བས་འབྲེལ་བ་དམ་ཟབ་དང་སྐྱིད་སྡུག་མཉམ་མྱོང་གི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་གདམ་ག་ཐུབ་མིན་ལ་ཚོད་བགམ་ཐེག་བཞིན་ཡོད། ཀྲུང་གོས་མུ་མཐུད་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་འཛམ་གླིང་ལ་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་བསྣན་ནས་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ནོར་ཝེའི་དབར་གྱི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ནོར་ཝེའི་དབར་གྱི་འབྲེལ་བའི་ལོ་70ཡི་ལོ་རྒྱུས་ལམ་བུར་ཕྱིར་མིག་ལྟ་སྐབས་མཛའ་མཐུན་དང་མཉམ་ལས་ནི་བརྗོད་དོན་གཙོ་བོ་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོར་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱ་དགོས་ན། ཕན་ཚུན་བརྩི་འཇོག་དང་མཐུན་པོ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དེའི་ནང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་། ཕར་ཕྱོགས་ཀྱི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱ་རྒྱུ་ཚུད་ཡོད། ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་རང་རང་སོ་སོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་ཕྱོགས་སྒྱུར། མཚོ་དོན་དང་མཚོ་ཐོག་སྐྱེལ་འདྲེན། ཞིང་ལས་དང་ཉ་ལས་ཐོན་རྫས། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་དང་། སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར། དགུན་དུས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་སྣ་འགྲོ་འོང་དང་ལྷག་པར་དུ་གཞོན་ནུའི་དབར་གྱི་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་དང་ནོར་ཝེའི་དབར་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་སུ་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་བཟང་པོ་འདོན་རྒྱུའི་རེ་བ་ཡོད།

    སི་ཐེ་ལེ་ཡིས་རྒྱལ་པོ་ཁྲི་ཐོག་ལྔ་པ་ཧ་ལེར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ནོར་ཝེ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཡོ་རོབ་བྱང་མའི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ནོར་ཝེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ནས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་གི་བྱ་ཐབས་ཐོག་ནས་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་བརྩི་འཇོག་བྱས་ཏེ་ཕན་ཚུན་སློབ་སྦྱོང་དང་། སྤེལ་རེས་དང་དཔྱད་གཞིར་འཛིན་རེས། གཉིས་ཁེ་གཉིས་ཕན་བཅས་བྱེད་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་ལྡན་པས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་བཟང་པོ་མང་པོ་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ལྷག་པར་དུ་ལྗང་མདོག་འཕེལ་རྒྱས་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། མཚོ་དོན་དང་མཚོ་ཐོག་སྐྱེལ་འདྲེན། ཞིང་ལས་དང་ཉ་ལས་ཐོན་རྫས། ནུས་གསར་རླངས་འཁོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེང་སྐབས་ཀྱི་འཛམ་གླིང་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མང་པོ་ཐག་གཅོད་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་ཁ་གཏད་འཇལ་བའི་ཐད་ཀྲུང་གོས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ནོར་ཝེས་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་སོགས་གླེང་མང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་འདེབས་དང་རྒྱབ་སྐྱོར་བྱ་རྒྱུ་དང་མུ་མཐུད་བར་འདུམ་མཐུན་འཇུག་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན། ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་བྱས་ནས་ཐུན་མོང་ཐོག་ཉམས་ཉེན་ཆབ་སྲིད་ཐག་གཅོད་བྱེད་པར་མཐུན་རྐྱེན་བསྐྲུན་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།