དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-11

    ཟླ་9ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་སང་ཆེ་སི་ལ་རྒྱལ་པོ་ཁྲི་ཐོག་དྲུག་པ་ཧྥེ་ལི་ཕེར་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་། ཀྲུང་གོ་དང་སི་ཕེན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ཡོད། ལོ་གཅིག་ལྷག་ཙམ་རིང་། ཕྱོགས་གཉིས་པོས་རིམ་པ་ཁག་དབར་འགྲོ་འོང་དང་མཉམ་འགུལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་པོས་ཁྱབ་ཁོངས་གསར་པའི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་སི་ཕེན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་གྱི་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཡོངས་བློ་ལ་འཆང་བ་དང་ཕུགས་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་ཀྱིས་ཕྱུག་པའི་ཡུན་རིང་བརྟན་ལྷིང་གི་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བཏོད་དེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་པོར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོས་ཡུན་རིང་གི་ལག་ལེན་ནང་འཚོལ་ཞིབ་བྱས་པའི་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་འདིས་ཀྲུང་སི་རྒྱལ་ཁབ་གཉིས་པོས་མཉམ་ལས་ཟབ་ཏུ་དང་རྒྱ་སྐྱེད་གཏོང་བར་གོ་སྐབས་གསར་པ་བསྐྲུན་ཡོད། ཕྱོགས་གཉིས་པོས་ཚོང་དོན་མཉམ་བསྲེས་ཨུ་ལྷན་དང་ཚན་རྩལ་མཉམ་འབྲེལ་ཨུ་ལྷན་སོགས་ལས་སྟེགས་ཀྱི་ནུས་པ་ཡག་པོ་བཏོན་ཏེ་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གསར་པ་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས། སི་ཕེན་གྱིས་མུ་མཐུད་ཀྲུང་གོའི་ཁེ་ལས་སི་ཕེན་དུ་མ་འཇོག་ལས་དར་ལ་བསྐྱོད་པར་དྲང་བདེན་དང་། དྲང་གཞག བདེ་འཇགས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྐད་ཡིག་སློབ་ཁྲིད་དང་། གཞོན་ནུ། རིག་གནས། ཡུལ་སྐོར་སོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་ཀྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་དགོས། སི་ཕེན་གྱིས་ན་ནིང་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ཀྲུང་གོ་དང་ཡོ་རོབ་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་རང་བཙན་རང་བདག་དང་། ཕན་ཚུན་རོགས་རམ་ཐོབ་པ། འཛམ་གླིང་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། སི་ཕེན་གྱིས་དེའི་ཆེད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་ཀྱི་འཛམ་གླིང་ལ་ཟང་ཟིང་དང་འགྱུར་ལྡོག་མཉམ་དུ་འབྲེལ་ཡོད། ཀྲུང་གོ་དང་སི་ཕེན་ནི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལྡན་པའི་རྒྱལ་ཁབ་ཡིན་པས་ཚང་མས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་དར་སྤེལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཕྱོགས་གསུམ་པའི་ཁྲོམ་རར་ཁ་ཕྱོགས་ཏེ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་མིའི་རིགས་ཡར་ཐོན་བྱ་གཞག་ལ་དྲང་ནུས་དེ་བས་མང་བ་སྣོན་འདོད་ཡོད།

    སང་ཆེ་སིས་རྒྱལ་པོ་ཁྲི་ཐོག་དྲུག་པ་ཧྥེ་ལི་ཕེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས། ལོ་གཅིག་སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདི་ཐོག་ནས་སི་ཕེན་དང་ཀྲུང་གོའི་འབྲེལ་བ་ཟབ་མོ་ཡོད་ལུགས་མཚོན་གྱི་ཡོད། སི་ཕེན་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཟབ་ཏུ་གཏོང་བཞིན་ཡོད། ང་རང་ད་ཐེངས་འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་པོས་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་མང་པོ་བཞག་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་དང་མདུན་ལམ་ཧ་ཅང་ཡག་པོ་མངོན་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། སི་ཕེན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཁོར་ཡུག་བཟང་པོ་མཁོ་འདོན་བྱེད་འདོད་ཡོད། སི་ཕེན་དང་ཀྲུང་གོ་ཕྱོགས་གཉིས་པོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པར་གཞོལ་བཞིན་ཡོད། དེང་སྐབས་འཛམ་གླིང་ལ་གཡོ་འགུལ་དང་། གདོང་ཐུག དབུལ་ཕོངས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པ་དེས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། སི་ཕེན་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོའི་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད། ཀྲུང་གོས་ཡིད་ཆེས་བྱེད་ཆོག་པའི་རོགས་ཟླ་བྱེད་འདོད་ཡོད་ལ། སི་ཕེན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།