དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅིང་ཀང་ཧྲན་གྱི་ཡུལ་མི་སྤུན་ཟླ་ཚོའི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུའུ་ལེ།   |     སྤེལ་དུས།  2024-09-11

    གླུ་གཞས་སྙན་པོ་གཏོང་གིན་དུ་གསར་འགོད་པ་དང་བཅས་པ་ཐེངས་འདིའི་བཅར་འདྲི་བྱ་ཡུལ་ཏེ། ཅང་ཤིས་ཅིང་ཀང་ཧྲན་གྲོང་ཁྱེར་ན་ཧྲན་གྲོང་རྡལ་ཅང་པན་གྲོང་ཚོར་འབྱོར།

    “ད་ཆ་ན་ཧྲན་གྲོང་རྡལ་དུ་ཆུ་འབྲས་དང་། ཤིང་ཏོག་ཡིའུ་ཙི། སྔོ་ཚལ་སོགས་བཏབ་ཡོད་པས། དཔལ་འབྱོར་གྱི་ཡོང་ཁུངས་ཧ་ཅང་མང” ན་ཧྲན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཙོའུ་ཝུའེ་ནན་གྱིས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་གཉིས་རིང་ཅིང་ཀང་ཧྲན་གྱིས་སྒྲིག་ཁོངས་གྲོང་ཚོ་ཚང་མར་མུའུ་300འམ་ཡང་ན་མ་དངུལ་སྒོར་ཁྲི་200ཡན་བཏང་བའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་ཞིང་། “སྔོན་ཆད་དང་བསྡུར་ན་ན་ཧྲན་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད”

    2016ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་རྟོག་ཞིབ་གནང་སྐབས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ངེས་པར་དུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པར་ལེགས་སྐྱེས་གལ་ཆེན་ཕུལ་བའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་འཕེལ་རྒྱས་དེ་བས་ལེགས་པ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཅིང་ཀང་ཧྲན་དུ་ཡུལ་མི་སྤུན་ཟླ་ཚོར“ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་གཏོང་རྒྱུ་ཡིན”ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཅིང་ཀང་ཧྲན་གྲོང་ཁྱེར་གྱིས་2017ལོར་རྒྱལ་ཡོངས་ཀྱི་སྔོན་དུ་དབུལ་ཞྭ་ཕུད་པ་མ་ཟད། ཞིང་ལས་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། སྤུས་རྟགས་ཅན་བཅས་གཙོར་བཟུང་སྟེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། 2023ལོར་ཅིང་ཀང་ཧྲན་གྱི་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.75ཟིན་ཡོད།

    དམིགས་སར་འབྱོར་མ་ཐག་ལྕགས་སྒྲོམ་གྱི་དྲོད་ཁང་བཅུ་ལྷག་ཙམ་མིག་ལམ་དུ་འཆར་ལ། མངོན་གསལ་དེ་ཙམ་མེད་པའི་རི་གྲོང་ཆུང་ཆུང་དེར་དེང་རབས་ཅན་གྱི་ཞིང་ལས་གླིང་སྟེ། ཅིང་ཀང་ཧྲན་ཚན་རྩལ་མཐོ་བའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་ཡོད་པ་རེད།

    དྲོད་ཁང་ནང་མེ་ཏོག་བཞད་པའི་ཧོང་ཀྭ་ཐག་པར་འཁྱུད་དེ་སྐྱེ་འཚར་ལེགས་པ་དང་། གྲོང་མི་དབྱིན་གཡོད་དབྱིང་གིས་མགོ་ལ་རྩྭ་ཞྭ་གྱོན་པ་དང་ལག་གཉིས་ཀྱིས་ཧོང་ཀྭ་ལ་ཡལ་བཅོས་རྒྱག་བཞིན་འདུག 2019ལོར་ཅིའུ་ཧྥུང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཅང་པན་གྲོང་ཚོར་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་དེང་རབས་ཅན་གྱི་སྔོ་ཚལ་དྲོད་ཁང་བསྐྲུན་པས་གྲོང་མི་ཚོར་ས་ཞིང་བརྒྱུད་བཤུག་གི་དངུལ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་དྲོད་ཁང་ནང་གླ་པ་བྱ་རྒྱུ་ཡང་བྱུང་ཡོད།

    “ངས་འདི་གར་ལས་ཀ་ལོ་5བྱས་པ་ཡིན། ལས་ཀ་དེ་ཆུ་ཚོད་བརྒྱད་ཀྱི་ལས་ཀའི་ལམ་ལུགས་རེད”ལག་རྩལ་ཕུལ་དུ་བྱུང་བ་དང་ལས་ཀར་ཧུར་བའི་དབང་གིས་དབྱིན་གཡོད་དབྱིང་2023ལོར་ཚོགས་ཆུང་གི་ཙུའུ་ཀྲང་དུ་གྱུར་ནས་ཟླ་རེར་གླ་ཆ་སྒོར་300འཕར་ཡོད། ད་ཆ་ཐོན་ལས་སྣ་ཚོགས་ཀྱིས་གྲོང་ཚོའི་མི་300ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་མི་རེའི་ཆ་སྙོམས་འབབ་འཕར་སྒོར་2500ཡན་ཟིན་ཡོད།

    དྲོད་ཁང་ནས་དོན་ཏེ་གཙང་ཞིང་ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་བརྒྱུད་ནས་གྲོང་ཚོར་བསྐྱོད་ན། ལམ་གཡས་གཡོན་དུ་སྔོ་ལྗང་སྤང་ལྗོངས་ཡིན་ཞིང་། རྒྱ་ལྕང་གིས་ཉི་འོད་ཡོངས་སུ་བསྒྲིབས་ནས། སྟོན་དུས་ཀྱི་ཚ་བ་རྦད་དེ་བཅག་ཡོད། ཅང་པན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཞའོ་པོའོ་ཡིས“ང་ཚོས་ཅིང་ཀང་ཧྲན་ཐད་གཏོང་དཔལ་འབྱོར་སྤྱི་ཁྱབ་པུའུ་དང་མཉམ་ལས་བྱས་ཏེ་ཐད་གཏོང་བརྒྱུད་ནས་ཅང་པན་གྲོང་ཚོའི་ཡུལ་ཟོག་ཕྱིར་འཚོང་གི་ཡོད། 2023ལོར་ང་ཚོའི་གྲོང་ཚོའི་ཤིང་ཏོག་ཅིང་ཀང་ཡིའུ་ཙི་སྐར་མ་40ཡི་ནང་སྒམ་6000བཙོངས་ཐུབ་ཡོད”ཅེས་བཤད།

    ཝང་ཞའོ་པོའོ་ཡིས་བརྗོད་པའི་ཐད་གཏོང་དཔལ་འབྱོར་སྤྱི་ཁྱབ་པུའུ་ནི་ཅིང་ཀང་ཧྲན་གྱིས་བཙུགས་པའི་ཤིན་ནུང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་རེད། དེ་གར“ཞིང་པ་གསར་པ”བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་པ་དག་གིས་ཐད་གཏོང་ཟོག་ཚོང་བཙོངས་པ་མ་ཟད། དྲ་དམངས་ལ་ཅིང་ཀང་ཧྲན་དྲིལ་བསྒྲགས་དང་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད། 2023ལོར་གྲོང་ཁྱེར་ཡོངས་ཀྱི་ཐད་གཏོང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་8000ལྷག་ཙམ་ཟིན་ནས་གྲོང་ཚོ་ཁག་གི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་1000ལྷག་ཙམ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། ཅང་པན་གྲོང་ཚོའི་ཤིང་ཏོག་ཡིའུ་ཙི་ཙམ་མིན་པར། ཅིང་ཀང་ཧྲན་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་དང་ཞིང་ལས་ཐོན་ཟོག་གི་སྤུས་རྟགས་གཏོད་རྒྱུ་ཟུང་འབྲེལ་ཡག་པོ་བྱས་ཏེ“ཅིང་ཀང་ཧྲན”གྱི་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་པ་དང་། 2023ལོར་སྤྱི་སྤྱོད་སྤུས་རྟགས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་6.9ལས་བརྒལ་ཡོད། ཅིང་ཀང་ཧྲན་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ལེ་ཀྲའོ་ཝུན་གྱིས“ཅིང་ཀང་ཧྲན་ཞེས་པའི་ཡིག་འབྲུ་གསུམ་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།