དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྤུས་ལེགས་སློབ་གསོའི་ཐོན་ཁུངས་གངས་ལྗོངས་ས་མཐོར་ཁྱབ་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།   ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-09-11

    “ལྟ་ན་སྡུག་པའི་མེ་ཏོག་མ་ལི་ཀ……”བོད་རང་སྐྱོང་ལྗོངས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་གྲྭའི་ནང་དུ་སློབ་གསེང་གི་རོལ་དབྱངས་ཏེ་ཅང་སུའུ་ཡི་དམངས་གཞས《མེ་ཏོག་མ་ལི་ཀ》གྲགས་པ་དང་ཆབས་ཅིག་སློབ་མ་ཚོ་དགའ་སྤྲོའི་ངང་ལུས་རྩལ་ཐང་དུ་བརྒྱུགས།

    “ང་ཚོས་རྒྱུན་གཏན་གྱི་ལས་ཀའི་ནང་ཡུལ་ལུང་གཉིས་ཀྱི་རིག་གནས་ཁྱད་ཆོས་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཀྱི་ཡོད”ཅེས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་དབྱིན་ཧྥེས་བཤད།

    ད་ཆ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་རྩ་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་དང་། 2023ལོའི་ལོ་མཇུག་བར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་3472ཡོད་པ་དང་། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་90.43%ཟིན་པ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.78%ཟིན་པ། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་57.62%ཟིན་ནས། སློབ་གསོའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

    ནམ་ཡང་གནས་ཐུབ་པའི་ཕུལ་བྱུང་དགེ་རྒན་དཔུང་ཁག་ཅིག་བཙུགས་པ།

    “བོད་སྐྱོར་དགེ་རྒན་སློབ་གྲྭ་འཛུགས་སྐྲུན་དང་སློབ་གསོ་སྒྱུར་བཅོས་ནང་ཧུར་ཐག་ཞུགས་ནས་སློབ་གྲྭ་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད”ཅེས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལིའུ་དབྱིང་གིས་བརྗོད།

    ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་ཅང་སུའུ་ཞིང་ཆེན་གྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཉིན་གང་ལམ་ལུགས་དང་དཔེ་སྟོན་རང་བཞིན་གྱི་ཆ་ཚང་སློབ་འབྲིང་ཞིག་རེད། 2019ལོར་སློབ་གྲྭ་དེ་ཉིད་བོད་ཀྱི་དཔེ་སྟོན་མཐོ་རིམ་སློབ་འབྲིང་ཁག་དང་པོར་གྱུར་པ་དང་། 2020ལོར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་གསར་པ་དང་སློབ་དེབ་གསར་པ་ལག་བསྟར་གྱི་རྒྱལ་ཁབ་རིམ་པའི་དཔེ་སྟོན་སློབ་གྲྭར་བདམས་པ་དང་། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་གྱིས་སློབ་གྲྭའི་དོ་དམ་ནས་ཚན་ཁག་གི་ལས་ཀའི་བར་འགན་ལྕི་པོ་འཁུར་བཞིན་ཡོད།

    སྤེན་པ་བདེ་སྐྱིད་ནི་བོད་ལྗོངས་རང་ནས་འཚར་ལོངས་བྱུང་བའི་ཨང་རྩིས་དགེ་རྒན་ཞིག་ཡིན་ལ། “སློབ་མ”ཞིག་ཀྱང་ཡིན་པ་སྟེ། “རྒན་ཀུའུ་ལགས་རྒྱུན་དུ་སྒྲོག་ཙེ་མཇུག་མར་ཞུགས་ནས་སློབ་ཚན་ཉན་གྱི་ཡོད་པས། ང་རང་དགའ་ཚོར་སྐྱེས་པ་དང་ཆབས་ཅིག་སེམས་འཚབ་ཀྱང་ལངས་ཀྱི་འདུག”ཅེས་བརྗོད་ཅིང་། སྤེན་པ་བདེ་སྐྱིད་ཀྱིས་གླེང་བའི་རྒན་ཀུའུ་ལགས་ནི་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་ཀུའུ་ཨའེ་ཅུན་རེད། ཁོམ་པ་ཡོད་ཚེ་ཀུའུ་ཨའེ་ཅུན་སློབ་ཁང་ནང་གི་སྒྲོག་ཙེ་མཇུག་མར་བསྡད་དེ་སྤེན་པ་བདེ་སྐྱིད་ཀྱི་སློབ་ཚན་ཉན་གྱི་ཡོད། སློབ་ཚན་གྲོལ་རྗེས་ཁོང་གིས་ཞིབ་ཚགས་ངང་བསམ་འཆར་དང་གྲོས་འགོ་འདོན་གྱི་ཡོད་པ་རེད།

    ན་ནིང་སློབ་གྲྭས་སྤེན་པ་བདེ་སྐྱིད་དང་ཀུའུ་ཨའེ་ཅུན་དགེ་སློབ་ཏུ་བཀོད་སྒྲིག་བྱས་ཤིང་། “རྒན་ཀུའུ་ལགས་ཀྱིས་ང་ལ་སློབ་ཚན་གྱི་དམིགས་ཚད་གྲུབ་ཚུལ་དང་སློབ་ཚན་གྱི་སྒྲིག་འཛུགས་ལུགས་མཐུན་ཡིན་མིན་སོགས་དབྱེ་ཞིབ་བྱེད་ཀྱི་ཡོད། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི་བྱེད་སྟངས་དེས་ངའི་སློབ་ཁྲིད་བྱེད་སྟངས་ལེགས་སུ་ཕྱིན་སོང”ད་ལོ་ངས་སློབ་ཁྲིད་བྱས་པའི་འཛིན་གྲྭའི་ཨང་རྩིས་ཀྱི་ཆ་སྙོམས་སྦྱངས་འབྲས་སྐར་མ་10ལྷག་ཙམ་མཐོ་རུ་སོང་འདུག་ཅེས་སྤེན་པ་བདེ་སྐྱིད་ཀྱིས་བཤད།

    མིག་སྔར། ཅང་སུའུ་ཞིང་ཆེན་གྱི་སློབ་གསོའི་བོད་སྐྱོར་ལས་དོན་དེ་བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་དང་མཐོ་རིམ་སློབ་འབྲིང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་སོགས་ཁྱབ་ཁོངས་ཁག་དང་རིགས་ཁག་གི་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    སློབ་མ་རང་གཤིས་ཅན་གྱི་འཕེལ་རྒྱས་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་པ།

    ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་གྱི་རོགས་སྐྱོར་འོག་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གིས་ངལ་རྩོལ་སློབ་གསོའི་སློབ་གྲྭའི་སློབ་ཚན་འཚོལ་ཞིབ་བྱས་ནས་བཟོས་ཏེ། དུས་བཀག་ནང་སློབ་མར་སེམས་ཁམས་ཟུར་ཁྲིད་དང་ལས་རིགས་དོན་གཉེར་གྱི་འཆར་འགོད་བྱས་པ་དང་དུས་མཚུངས“བརྙན་ལམ་སྨྱན་སྦྱོར་བཟོ་སྐྲུན་ཁང”དང“མཛེས་རྩལ་ཁང”སོགས་ཚོགས་པ་27བཙུགས་པ་མ་ཟད། སློབ་གྲྭའི་གཞས་པའི་འགྲན་བསྡུར་ཆེན་པོ་དང་། སློབ་མའི་མཛེས་རྩལ་འགྲེམས་སྟོན། གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མ་རང་གཤིས་ཅན་གྱི་འཕེལ་རྒྱས་ཡོང་བར་གར་སྟེགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད།

    བསྟན་འཛིན་མེ་ཏོག་ནི་རོལ་དབྱངས་ལ་མཁས་པའི་སློབ་མ་ཞིག་རེད། “ཕྲུ་གུ་དེར་རོལ་དབྱངས་ཀྱི་ལྷན་སྐྱེས་ཤེས་རབ་འདུག ལོ་གཅིག་གི་ཆེད་ལས་སྦྱོང་བརྡར་བརྒྱུད་ཧུའུ་པེ་རྩོམ་རིག་ཚན་རིག་སློབ་གླིང་གི་རོལ་དབྱངས་ཆེད་ལས་སུ་རྒྱུགས་འཕྲོད་ཡོད”ཅེས་བསྟན་འཛིན་མེ་ཏོག་གི་མཛུབ་ཁྲིད་དགེ་རྒན་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་ཏོན་ཕུང་གིས་བཤད།

    “ངས་སློབ་གྲྭ་ནས་རང་ཉིད་ཀྱི་འཇོན་ཐང་རྙེད་བྱུང་། ངས་མུ་མཐུད་འབད་བརྩོན་བྱས་ནས་ཆེད་ལས་ལུས་རྩལ་པ་ཞིག་ཏུ་འགྱུར་བར་བྱས་ཏེ་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན”བོད་སྐྱོར་དགེ་རྒན་ཀྲང་ཅིན་ལུང་གི་མཛུབ་ཁྲིད་འོག་ལུས་རྩལ་ལ་བྱང་བའི་སློབ་མ་བསམ་དཀར་དོན་གྲུབ་ཀྱི་ཆེད་ལས་ཀྱི་གྲུབ་འབྲས་ཡར་རྒྱས་ཆེན་པོ་བྱུང་ཡོད།

    མུ་མཐུད་བོད་སྐྱོར་བྱས་ནས་བོད་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤོ་མོང་ཤང་སློབ་ཆུང་གི་སློབ་གྲྭའི་ནང་། “ནག་ཆུའི་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང”གི་བྱང་བུ་ཞིག་གིས་སློབ་གྲྭ་དེའི་ལོ་ངོ་30ཙམ་རིང་གི་ལོ་རྒྱུས་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད།

    ཀྲེ་ཅང་ཞིང་ཆེན་གྱི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་སྐབས་དེ་དུས་ཀྱི་ནག་ཆུ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཡིན་པའི་ཅང་ཅུན་གྱིས་ལོ་29ཡི་གོང་རང་ཉིད་ཀྱིས《ཧང་ཀྲོའུ་ཉིན་རེའི་ཚགས་པར》ཐོག“ཧང་ཀྲོའུ་ཡི་མི་ཚང་མས་འཁྱགས་པ་བྱེ་རིལ་གཅིག་ཉུང་བ་བཟས་ན་དེའི་དངུལ་གྱིས་ཕུགས་རེའི་སློབ་ཆུང་གསུམ་བཞི་བསྐྲུན་ཐུབ”ཅེས་པའི་རེ་འབོད་བྱས་པ་ད་བར་སེམས་ལ་ངེས་ཡོད།

    1995ལོའི་ཟླ་8ཚེས་25ཉིན་ཅང་ཅུན་གྱིས་རང་ཁྱིམ་ལ་བསྐུར་བའི་རོགས་སྐྱོབ་ཡི་གེ་དེ《ཧང་ཀྲོའུ་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོར་བཀོད་རྗེས། ཉིན་ལྟར་མི་མང་པོ་ཞིག་གིས་ཞལ་འདེབས་རྒྱག་པར་ཡོང་གི་ཡོད། ཚལ་ཁྲོམ་དུ་མེ་ཏོག་པད་མའི་ལོ་མ་འཚོང་མཁན་ཚོང་པ་ཆུང་ཆུང་ཞིག་གིས་སྒོར་3000ཞལ་འདེབས་བརྒྱབ་པ་དང་། ལོ་7ལ་སླེབས་པའི་བུ་མོ་ཡུས་ཁའེ་ཉིང་གིས་ཅང་ཅུན་ལ“དེ་རིང་ནས་བཟུང་ཉིན་10ཡི་རིང་འཁྱགས་པ་བྱི་རིལ་ཟ་གི་མིན། དེའི་དངུལ་གྱིས་ཕུགས་རེའི་སློབ་ཆུང་ལ་སོ་ཕག་ཉོ་གི་ཡིན”ཞེས་པའི་འཕྲིན་ཡིག་བྲིས་ཡོད། གཟའ་འཁོར་གཅིག་རིང་ཧང་ཀྲོའུ་ཡི་གྲོང་མི་ཁྲི་5ལྷག་ཙམ་དང་ཁེ་ལས་120ལྷག་ཙམ་གྱིས་ཁྱོན་མ་དངུལ་སྒོར་ཁྲི་225ཙམ་ཞལ་འདེབས་བརྒྱབ་ཡོད།

    གཅེས་སེམས་ཞལ་འདེབས་ལ་བརྟེན་ནས་ཀྲེ་ཅང་ཞིང་ཆེན་གྱིས་ནག་ཆུ་གྲོང་ཁྱེར་དུ་ཕུགས་རེའི་སློབ་ཆུང་4བསྐྲུན་པ་དང་འབྲེལ། དེའི་ནང་ནས་སློབ་ཆུང་གཅིག་ལ“ནག་ཆུའི་ཧང་ཀྲོའུ་ཕུགས་རེའི་སློབ་ཆུང”ཞེས་མིང་བཏགས། ད་ཆ་སློབ་གྲྭ་དེ་ཤོ་མོང་ཤང་སློབ་ཆུང་ཞེས་པར་མིང་བསྒྱུར་ནས་བརྒྱུད་ལམ་སྣེ་མང་གི་སྒྲིག་ཆས་དང་སློབ་ཕྱིའི་བྱེད་སྒོ་ཁང་སྣ་ཚོགས་བཀོད་སྒྲིག་བྱས་ཡོད།

    “ཀྲེ་ཅང་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་གསེར་རྙེད་དང་། འབྲི་རུ། ལྷ་རི་རྫོང་དང་ཆུས་3གྱི་སློབ་གྲྭ་ཚང་མར་ཀྲེ་ཅང་ཞིང་ཆེན་གྱི‘བར་སྣང་སློབ་ཚན’དང་དུས་གཅིག་ཏུ་སློབ་ཁྲིད་ཐུབ་པ་བྱུང་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཝུའེ་ཤིང་གིས་བཤད་པ་དང་། ཁོང་གིས་ནག་ཆུ་གྲོང་ཁྱེར་གྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་ཡོད་ཅེས་བཤད།

    ཁ་གཏད་བོད་སྐྱོར་བྱས་པ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་གྱིས་ལོ་30ཡི་རིང་དགེ་རྒན་200ལྷག་ཙམ་གངས་ལྗོངས་ས་མཐོར་འདེམས་གཏོང་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲེ་ཅང་ཞིང་ཆེན་གྱིས་སློབ་གསོའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་9.45བཀོད་སྒྲིག་བྱས་ནས་བོད་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།