དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ས་ཁོངས་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-10

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཀྲུང་གོ་ཚན་རིག་ལག་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གིས་2024ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ཐོག《2024ལོའི་ཀྲུང་གོའི་ས་ཁོངས་ཚན་རྩལ་གསར་གཏོད་ཀྱི་གདེང་འཇོག་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་། རང་རྒྱལ་གྱི་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་རིམ་པ་མང་བ་དང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་གསར་གཏོད་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་བརྟེན་རང་དར་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་འཁོད་ཡོད།

    སྙན་ཞུའི་ནང་། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་དང་། ཚན་རྩལ་བྱེད་སྒོའི་མ་འཇོག ཚན་རྩལ་བྱེད་སྒོའི་ཕན་འབྲས། མཐོ་གསར་ལག་རྩལ་ཐོན་ལས་ཅན། ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་5ཡི་ཐད་ནས་རིམ་པ་གཉིས་པའི་དམིགས་ཚད་ཁག་12དང་རིམ་པ་གསུམ་པའི་དམིགས་ཚད་ཁག་44བདམས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར(དེའི་ནང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད་པ)བཅས་31གི་ཚན་རྩལ་གསར་གཏོད་ཀྱི་ཕྱོགས་བསྡུས་ཆུ་ཚད་ལ་གདེང་འཇོག་བྱས་པ་དང་འབྲེལ། ས་ཁུལ་ཁག་གི་ཚན་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་ཀྱང་བྱས་པ་རེད།

    སྙན་ཞུའི་ནང་། 2024ལོར་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་ཕྱོགས་བསྡུས་ཆུ་ཚད་ཀྱི་སྟོན་གྲངས་ཀྱི་ཐོབ་སྐར་ནི་78.43ཡིན་པ་དེ་2023ལོ་ལས་སྐར་མ་1.30གྱིས་མཐོ་རུ་ཕྱིན་པ་དང་། ཚན་རྩལ་བྱེད་སྒོའི་མ་འཇོག་དང་ཕན་འབྲས་ཀྱི་སྟོན་གྲངས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་བཅས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།