སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་ས་མཐོའི་འབྲོག་ཁུལ་གྱི་བྱིས་པ་སློབ་གྲྭ་ཡག་པོར་འགྲོ་སྐལ་བྱུང་བ།
མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་4200ལྷག་ཙམ་ཟིན་ཞིང་རང་བྱུང་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། 2017ལོར་ཧྲང་ཧའེ་ཡིས་མ་དངུལ་བཏང་ནས་ཟི་ལིང་དུ་མགོ་ལོག་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་རོགས་སྐྲུན་བྱས་པ་རེད།
ད་ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཟི་ལིང་གི་ས་ཚིགས་དང་པོ་སྟེ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས་ཤིང་། སློབ་འབྲིང་དེར་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན།“རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་མཐའ་འཁྱོངས་བྱས་ནས་ཕན་ཚུན་རོགས་རམ་བྱེད་པ་དང་ལྷག་པར་དུ་མཚོ་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་ལ་རོགས་རམ་བྱེད་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རོགས་རམ་བྱས་ནས་ཚང་མས་རང་གི་གནས་བབ་ཡང་དག་འཚོལ་དགོས། དེའི་ནང་ནས་གལ་ཆེ་ཤོས་ཤིག་ནི་སློབ་གསོའི་ཁ་གཏད་རོགས་སྐྱོར་རེད། བྱིས་པ་ཚོ་གསོ་སྐྱོང་ཡག་པོ་བྱེད་པར་དོན་སྙིང་ཟབ་མོ་ལྡན་ཡོད”
མཚོ་སྔོན་སོགས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་ལེགས་ཆ་འདོན་སྤེལ་ཇི་ལྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་རྨང་གཞིའི་སློབ་གསོ་ཡག་པོར་གཉེར་དགོས་སམ། དེའི་ཐད་སློབ་དུས་གསར་པ་འགོ་ཚུགས་མ་ཐག་གསར་འགོད་པས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་བཅར་འདྲི་བྱས་པ་ཡིན།
“སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི”བར་ཡར་རྒྱས་བྱུང་ནས་བྱིས་པ་ཁྲི་1ལྷག་ཙམ་གྱིས་ས་བབ་མཐོ་བའི་ས་ཆ་ནས་ས་བབ་དམའ་བའི་ས་ཆར་བསྐྱོད་དེ་སྔར་བས་ལེགས་པའི་སློབ་གསོ་དང་ལེན་བྱས་པ།
དགུང་ཨ་སྔོན་འོག་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་ཐོག་ཁང་གི་གྱང་དམར་པོ་དེ་ཡངས་ཤིང་ཁོད་སྙོམས་པའི་སྔོ་ལྗང་ནེའུ་གསིང་དང་མཉམ་དུ་གཅིག་ལ་གཅིག་གིས་རྒྱན་པ་ལྟར་མཛེས་ཤིང་ལྟ་ན་སྡུག དཀར་ཆ་དོད་པའི་སློབ་ཁང་ནང་དུ་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་མ་བདེ་ལོ་ཡིས་སློབ་གྲོགས་ཚོ་དང་མཉམ་དུ་ཞོགས་པའི་ལྟ་ཀློག་བྱེད་བཞིན་ཡོད་པ་དང་། ཁོ་ཚོའི་ལག་ཏུ་བཟུང་བའི་སློབ་དེབ་གསར་པ་ནས་སྣག་ཤོག་གི་དྲི་ཞིམ་འཐུལ་འོང་།
ལོ་གཉིས་ཀྱི་གོང་། ལོ་15ལ་སླེབས་པའི་བདེ་ལོས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་ཚུད་བརྡ་ཐོ་ཁྱེར་ནས་སྨུག་པའི་ཁྲོད་ཕ་ཡུལ་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ནས་ཟི་ལིང་དུ་འགྲུལ་བཞུད་བྱས།
ཞོགས་པའི་ཆུ་ཚོད་བདུན་པ་ནས་ལམ་ལ་ཆས་པ་ནས་ལམ་བར་ཆུ་ཚོད་བརྒྱད་ལྷག་ཙམ་གྱི་ཟི་ལིང་དུ་འགྲོ་ཐེངས་དང་པོའི་རྣམ་པར་ཕྱིར་དྲན་བྱེད་སྐབས་བདེ་ལོས“ཐོག་བརྩེགས་ཁང་པ་ཧ་ཅང་མཐོ་བ་དང་། རླངས་འཁོར་མང་བ། གཞུང་ལམ་རྒྱ་ཆེ་བ་བཅས་ཡོད་པ་མ་ཟད། གྲོང་ཁྱེར་མཛེས་ལ་སློབ་གྲྭ་དེ་བས་མཛེས་ཤིང་ཡིད་དུ་འོང་བ་ཞིག་འདུག”ཅེས་བཤད།
བདེ་ལོ་ནི་དགའ་བདེ་རྫོང་གོང་སྨད་ཤང་སོག་ཆེན་གྲོང་ཚོ་ནས་ཡིན་པ་དང་། གྲོང་མི་ཁ་ཐོར་དུ་གནས་པས་དུད་ཁྱིམ་ཁག་གཅིག་དབར་རི་བོ་མང་པོ་ཆོད་ཡོད། སྔོན་མ་ཁྱིམ་ནས་བདེ་ལོ་སློབ་སྦྱོང་བྱེད་སའི་གོང་སྨད་ཤང་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་ཆུང་བར་ལམ་ཐག་སྤྱི་ལེ་40ལྷག་ཙམ་ཡོད་ཅིང་། སྦག་སྦག་ལ་བཞོན་ནས་སོང་ན་སྤྱིར་བཏང་ཆུ་ཚོད་2ལྷག་ཙམ་འགོར་བ་དང་། གནམ་གཤིས་ངན་པ་བསྟན་སྐབས་དུས་ཚོད་དེ་བས་རིང་པོ་འགོར་གྱི་ཡོད་པ་རེད།
ས་ཁམས་ཁོར་ཡུག་སོགས་དབང་གིས་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་པའི་མགོ་ལོག་ཀྲོའུ་ཡི་སློབ་གསོའི་ཆུ་ཚད་དང་དགེ་རྒན་གྱི་ཆ་རྐྱེན་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་ཡོད། མགོ་ལོག་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་བསྟན་འཛིན་གྱིས། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་སློབ་གྲྭར་འགྲོ་བའི་ལམ་ཐག་རིང་བ་དང་སློབ་རིམ་འཕར་ཚད་དམའ་བ་སོགས་ཀྱི་སློབ་གསོའི་གནད་དོན་ནི་གྲོང་མི་ཚོས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཞིག་རེད་ཅེས་བརྗོད།
2010ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཏོན་ཞིང་། པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་6གིས་མཚོ་སྔོན་གྱི་ཀྲོའུ་6ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས། ལོ་10ལྷག་ཙམ་གྱི་རིང་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་ཁག་གིས་དང་ལེན་ཧུར་ཐག་ཞུས་ནས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་27ལྷག་ཙམ་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་ལ་བུ་བཅོལ་ཁང་སྣ་ཚོགས་ཀྱི་རྣམ་གྲངས་3184དང་སློབ་གྲྭ་འབྲིང་ཆུང་གི་རྣམ་གྲངས་3035གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་རོགས་བྱས་པ་རེད།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་རོགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་རེད།
མགོ་ལོག་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྐྱོར་ཚོགས་པས་ལོ་མང་རོགས་སྐྱོར་བྱས་པ་བརྒྱུད་རང་བྱུང་ས་ཁམས་ཀྱི་ཆ་རྐྱེན་ནི་ཡུལ་ལུང་དེ་གའི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱུང་བས་ཁོང་ཚོས་མིག་རྒྱང་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་ལ་དམིགས་དོན་ནི་དེ་གའི་གནམ་གཤིས་དྲོ་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། དགེ་རྒན་གྱི་ཡིད་དབང་འགུག་ཤུགས་དེ་བས་ཆེ་བ། བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་དེ་བས་ལེགས་པ་བཅས་ཀྱིས་རེད།
“སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི”བར་ཡར་རྒྱས་བྱུང་ཞིང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་2019ལོར་སློབ་མ་ཐེངས་དང་པོ་བསྡུས་པ་ནས་ད་བར། མགོ་ལོག་ནས་ཡིན་པའི་སློབ་མ་1700ལྷག་ཙམ་ས་མཐོའི་འབྲོག་ཁུལ་ནས་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དུ་སློབ་སྦྱོང་བྱེད་པར་སྐྱོད་ཅིང་། མཚོ་སྔོན་དུ་རོགས་སྐྱོར་བྱ་ཡུལ་ཀྲོའུ་6གི་བྱིས་པ་ཁྲི་1ལྷག་ཙམ་གྱིས་ས་བབ་མཐོ་བའི་ས་ཆ་ནས་ས་བབ་དམའ་བའི་ས་ཆར་དེ་བས་ལེགས་པའི་སློབ་གསོ་དང་ལེན་བྱས་པ་རེད།
སློབ་ཁྲིད་དང་འཚོ་བའི་མཁྲེགས་ཆས་སྒྲིག་བཀོད་ལེ་ལག་ཚང་བར་བྱས་ནས་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཡག་པོ་བསྐྲུན་པ།
ཉིན་དགུང་ཆུ་ཚོད་12ལ་སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས། སྔ་དྲོའི་སློབ་ཚན་ཚང་མ་འཚོགས་ཟིན་ནས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་སློབ་ཚོ་ཟ་ཁང་དུ་སྐྱོད།
བདེ་ལོས་ཁ་ལག་ཟ་བཞིན་གསར་འགོད་པར་འབྲོག་ཁུལ་དུ་འཚོ་བ་དང་སློབ་སྦྱོང་བྱེད་རིང་བཟའ་བཏུང་གི་གོམས་གཤིས་དང་འགྲིམ་འགྲུལ་གནས་ཚུལ་གྱིས་རྐྱེན་པས་སྔོ་ཚལ་སོས་པ་བཟའ་རྒྱུ་མེད། ཡིན་ནའང་ད་ལྟ་སློབ་གྲྭར་ཉིན་ལྟར་ཚལ་རིགས་སྣ་ཁ་འཛོམས་ལ་རིན་གོང་ཡང་འཚམ་པོ་ཡོད་པ་མ་ཟད་ཟླ་རེར་ད་དུང་སྲིད་ཇུས་ཀྱི་ཁ་གསབ་སྒོར་270ལེན་རྒྱུ་ཡོད་ཅེས་བཤད།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་དབྱང་ཝུན་པོས་གསར་འགོད་པར། སློབ་གྲྭར་ཉིན་ལྟར་ཟ་ཁང་གི་ཚལ་ཐོར་ཆེད་མིས་ཞིབ་དཔྱད་བྱེད་ཀྱི་ཡོད། ཉིན་གུང་ཉུང་མཐར་ཡང་ཚལ་7དང་དགོང་མོར་ཚལ་6ཡོད་ལ། ལྟོ་ཐེངས་རེར་ད་དུང་ཉུང་མཐར་ཡང་ཤ་ཚལ་2རེ་ཡོད་པ་དང་རིན་གོང་དམའ་བའི་ཚལ་དང་རིན་པ་མི་དགོས་པའི་ཐང་རེ་ཡོད། ཟ་ཁང་ལ་ཕོར་འཁྲུའི་འཕྲུལ་ཆས་དང་དུག་སེལ་སྒྲོམ་སོགས་སྒྲིག་སྦྱོར་བྱས་ནས་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་སྟེ་ཐག་རིང་ནས་ཡོང་བའི་སློབ་མ་ཚོར“ཁྱིམ་ཚང”གི་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད་ཅེས་བཤད།
བདེ་ལོའི་ཉལ་ཁང་དུ་སྐྱོད་སྐབས“ཁྱིམ་ཚང”གི་དྲོ་སྐྱིད་དེ་བས་ཚོར་ཐུབ། སྨི་ངོས་གྲུ་20ལྷག་ཙམ་ཡོད་པའི་ཉལ་ཁང་ནང་སློབ་མ་8རེ་སྡོད་ཀྱི་ཡོད་པ་དང་། ཉལ་ཁང་ནང་དངོས་པོ་དང་། ལྷམ། གྱོན་གོས་སོགས་འཇོག་ས་ཆ་ཚང་པོ་འདུག་ལ་ཉལ་ཆས་དང་མལ་སྟན་ཡང་མཐུག་ཐག་ཆོད་འདུག
བདེ་ལོས། དགུན་ཁར་ཉལ་ཁང་ལ་དྲོད་རླངས་གཏོང་བ་དང་དུས་རྒྱུན་ཉིན་མཚན་ཀུན་ཏུ་ཆུ་ཚ་པོ་ཡོད་པས་གཟུགས་པོ་འཁྲུ་དགོས་ན་འབྲོག་ཁུལ་ལས་སྟབས་བདེ་བ་ཡོད་ལ། ད་དུང་ཐོག་སོ་ཚང་མར་ཆེད་མངགས་གོས་འཁྲུ་ཁང་ཡང་ཡོད་ཅེས་བཤད།
འཚོ་བའི་ཆ་རྐྱེན་དང་སློབ་སྦྱོང་གི་ཆ་རྐྱེན་ཡང་ལེགས་པོ་ཡོད་ཅིང་། སློབ་གྲྭའི་ནང་གསར་འགོད་པའི་མིག་ལམ་དུ་སློབ་ཁྲིད་སྒྲིག་ཆས་སྣ་ཚོགས་མངོན་པ་ནི། བརྒྱུད་ལམ་སྣེ་མང་སློབ་ཁང་ནང་གི་སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་ཡིན་པ་མ་ཟད། ད་དུང་མིག་སྲུང་གློག་སྒྲོན་ཡང་བསྒར་བ་དང“རིག་ལྡན་ནག་པང”བེད་སྤྱོད་བྱས་ཡོད། ཡིག་གཟུགས་འཛིན་གྲྭའི་ནང་ཡིག་གཟུགས་བརྩམས་ཆོས་སྣ་ཚོགས་བཀལ་ཡོད་པ་དག་སློབ་མ་ཚོས་བྲིས་པ་ཤ་སྟག་ཡིན་ཞིང་། ཀང་ཆིན་སློབ་ཁང་དང་ཞབས་བྲོའི་སློབ་ཁང་དུ་སྒྲིག་ཆས་ཆ་ཚང་པོ་འདུག
ཧྲང་ཧའེ་དང་མཚོ་སྔོན་གྱི་དགེ་རྒན་དབར་སྤེལ་རེས་བྱས་པས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལེགས་སུ་ཕྱིན་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་པ།
མཐོ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་གསུམ་པའི་རྫས་འགྱུར་སློབ་ཚན་ཞིག་གི་ཐོག་འགྲན་བསྡུར་བྱས་ཤིང་། འཛིན་གྲྭའི་སློབ་མ་ཚོགས་ཆུང་6ལ་བགོས་ནས་ཚོགས་ཆུང་རེ་ནས་འཐུས་མི་རེ་བཏང་སྟེ་ནག་པང་མདུན་དུ་སྐྱོད་དགོས་པ་དང་། མི་3གྱིས་མགྱོགས་མྱུར་དྲི་བ་འདོན་པ་དང་མི་གཞན་3པོས་མགྱོགས་མྱུར་ལན་བརྒྱབ་སྟེ་གནད་དོན་ལ་གཞིགས་ནས་རྫས་འགྱུར་གྱི་རྩིས་རྒྱག་སྟངས་འདོན་གྱི་ཡོད། དེས་མྱུར་ཚད་འགྲན་བསྡུར་བྱེད་པ་མ་ཟད་ཡིག་གཟུགས་དང་ཞིབ་ཚགས་མིན་ཡང་འགྲན་བསྡུར་བྱེད་ཀྱི་ཡོད།
ཧྲང་ཧའེ་གྲོང་ཁྱེར་ཀེ་ཀྲི་སློབ་འབྲིང་གི་མཚོ་སྐྱོར་དགེ་རྒན་ཀྲོའུ་ཆོན་གྱིས་སློབ་མ་རྣམས་ལ་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་ནས་སློབ་མ་ཚོར་རྩ་བའི་རིགས་པ་འགྲེལ་བཤད་བརྒྱབ་པ་སྟེ། ཤིང་ཏོག་གི་སྐྱུར་ཁུ་དེ་གློག་འབྱེད་དངོས་རྫས་ཀྱི་གཤེར་ཆུ་དང་འདྲ་བ་དང་། ཟངས་ལེབ་ནི་ཕོ་སྣེ་དང་ཏི་ཚ་ལེབ་མོ་ནི་མོ་སྣེ་ཡིན་པས་གློག་རྡུལ་གྱིས་གློག་སྐུད་ལ་བརྟེན་ནས་མོ་སྣེ་ནས་ཕོ་སྣེར་གཏོང་གི་ཡོད།
སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ནི“སློབ་རྒྱུ”གཙོ་བོར་བྱེད་པ་དང་དགེ་རྒན་དང་སློབ་མའི་དབར་སྤེལ་རེས་ཉུང་ཉུང་རེད། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ལས་ཀ་བྱས་རྗེས་ཀྲོའུ་ཆོན་གྱིས་སྤེལ་རེས་རྣམ་པའི་སློབ་ཁྲིད་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་སྤེལ་རེས་གཙོ་བོར་བཟུང་སྟེ་སློབ་སྦྱོང་ཞོར་ལ་སྤྲོ་སྣང་དང་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པར་བྱས་ཡོད།
2013ལོ་ནས་བཟུང་། མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྔ་རྗེས་སུ་རིམ་པ་ཁག་དང་རིགས་ཁག་གི་མཚོ་སྐྱོར་དགེ་རྒན་2000ལྷག་ཙམ་མངགས་པ་དང་མཚོ་སྔོན་གྱི་རང་སའི་སློབ་ཁྲིད་དོ་དམ་དང་། སློབ་དཔྱོད་མི་སྣ། རྐང་འཛིན་དགེ་རྒན་བཅས་8000ལྷག་ཙམ་ལ་གསོ་སྦྱོང་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་370ལྷག་ཙམ་གྱིས་མཚོ་སྔོན་གྱི་སློབ་གྲྭ་འབྲིང་ཆུང་དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པར་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་རེད།
ཧྲང་ཧའེ་ཡི་སློབ་འབྲིང་ཁག་གཅིག་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ཚུད་པའི་མཚོ་སྔོན་གྱི་སློབ་འབྲིང་མང་པོ་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་དང་། 2016ལོ་ནས་བཟུང་སྔ་རྗེས་སུ་ཁག་ཐེངས་4ཡི་མཚོ་སྐྱོར་དགེ་རྒན་38བཏང་བ་དང་དུས་མཚུངས་སུ་མཚོ་སྔོན་གྱི་ཡུལ་དེ་གའི་དགེ་རྒན་མི་ཐེངས་700ལྷག་ཙམ་ཧྲང་ཧའེ་རུ་སྤེལ་རེས་གསོ་སྦྱོང་ལ་བཏང་བ་རེད།
ཉེ་བའི་ལོ་ཤས་རིང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས“སེམས་ཁམས་ཟུར་ཁྲིད”དང“འཚོ་བའི་འཆར་འགོད”སོགས་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་པ་དང་ཆབས་ཅིག མིས་བཟོས་རིག་ནུས་དང་། ཀང་ཆིན། ཡིག་གཟུགས་སོགས་ཀྱི་འདེམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཏེ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་པ་རེད།
ཧྲང་ཧའེ་ཡི་སྔོན་ཐོན་ཉམས་མྱོང་ལ་དཔེ་བལྟས་ནས་དཔྱད་ཞིབ་དང་དོ་དམ་ལམ་ལུགས་དཔྱད་གཞིར་བཟུང་སྟེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱས་པ།
གར་སྟེགས་ཐོག་སྙན་འཇེབས་ཀྱི་འགྱུར་ཁུག་དང་བསྟུན་ནས་སློབ་མ་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་བྲོ་གར་འཁྲབ་པ་དང་། ཆབས་ཅིག གར་སྟེགས་ཀྱི་གཤམ་ནས་དགའ་བསུའི་རྡེབ་སྒྲས་ཁེངས།
2023ལོའི་ཟླ་12པར། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་སྒྱུ་རྩལ་དུས་ཆེན་གཉེར་ཞིང་། མཐོ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མས《སྤྲོ་སེམས་འཁོལ་བའི་འགྱུར་ཁུག》ཅེས་པ་འཁྲབ་པ་དང་དུས་མཚུངས་འཁྲབ་སྟོན་གྱི་ཚ་རླབས་འཕྱུར།
འཁྲབ་སྟོན་གྱི་རོལ་དབྱངས་དང་། རྒྱན་གོས། སྟངས་སྟབས་བཅས་ཀྱི་ནང་སྦྱོང་བར་དུ་འཛིན་བདག་ཞའོ་ཧྥེ་ཞུའེ་ཡིས་བརྒྱུད་རིམ་ཧྲིལ་པོར་ཇུས་འགོད་ཞིབ་ཚགས་བྱས་ཡོད་པ་རེད།
“རིག་གནས་སློབ་ཚན་ལ་སྣང་ཆེན་བྱེད་ཀྱི་ཡོད་ལ་རིག་གནས་བྱེད་སྒོ་དང་སློབ་གསེང་བྱེད་སྒོར་ཡང་སྣང་ཆེན་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་འཛིན་གྲྭའི་གོང་བུ་འགྲིལ་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་འདུག་ལ་ཕྲུ་གུ་ཚོ་དང་མཉམ་དུ་འཚར་ལོངས་དང་གྲུབ་འབྲས་དེ་བས་འཐོབ་ཐུབ”ཅེས་ལོ་གསུམ་བསྟུད་མར་སློབ་གྲྭས་ཕུལ་བྱུང་དགེ་རྒན་དུ་བདམས་པའི་ཞའོ་ཧྥེ་ཞུའེ་ཡིས་སློབ་ཁྲིད་དོ་དམ་གྱི་སྐོར་གླེང་།
ཞའོ་ཧྥེ་ཞུའེ་ཡིས་རིག་གནས་སློབ་ཚན་ཁོ་ནར་སྣང་ཆེན་བྱེད་པའི་སློབ་ཁྲིད་འདུ་ཤེས་འཛིན་པ་ཞིག་མིན་པར། ལོ་མང་གི་སློབ་ཁྲིད་ལག་ལེན་དང་དཔྱད་ཞིབ་དོ་དམ་གྱི་བཀོད་འདོམས་ཁ་ཕྱོགས་ཀྱི་ཁྲིད་སྟོན་ལས་དེ་བས་ཕན་པ་ཐོབ་པ་ཞིག་རེད། ཧྲང་ཧའེ་ཡི་སློབ་འབྲིང་ཁག་གཅིག་གི་དོ་དམ་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་འཕེལ་རྒྱས་རང་བཞིན་གྱི་གདེང་འཇོག་ལམ་ལུགས་ནང་འདྲེན་བྱས་ཤིང་། སློབ་སྦྱོང་གི་སྦྱངས་འབྲས་ཁོ་ནར་མཐོང་ཆེན་བྱེད་པ་ཙམ་མ་ཟད། སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྦྱོང་བྱེད་པ་དེ་དགེ་རྒན་གྱི་ལོ་མཇུག་གི་ལས་རྗེས་དཔྱད་ཞིབ་ནང་བཅུག་ནས་ལམ་ལུགས་ལ་བརྟེན་ནས་སློབ་ཁྲིད་དང་དོ་དམ་བྱེད་སྟངས་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད་པ་རེད།