ཞི་ཅིན་ཕིང་གིས་ཧའེ་ནན་དང་ཀོང་ཏུང་སོགས་ས་ཁུལ་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
མགྱོགས་མྱུར་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གེགས་སེལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་རྒྱ་མཚོའི་རླུང་འཚུབ་དྲག་པོ་ཨང་11པ“མོ་ཅེ”ཟླ་9ཚེས་6ཉིན་གྱི་ཆུ་ཚོད་16དང་སྐར་མ་20དང་། ཆུ་ཚོད་22དང་སྐར་མ་20ཡི་སྔ་རྗེས་སུ་ཧའེ་ནན་ཝུན་ཁྲང་གྲོང་ཁྱེར་དང་ཀོང་ཏུང་ཞུས་ཝུན་རྫོང་དུ་ལྡང་ནས་གནོད་འཚེ་ཚབས་ཆེན་བཟོས་ཏེ་གློག་དང་འཕྲིན་གཏོང་སྤྱོད་མཁན་མང་པོའི་གློག་དང་འཕྲིན་གཏོང་ཆད་པ་དང་ཁང་པ་ཁག་གཅིག་རྡིབ་ཡོད། ཚེས་7ཉིན་གྱི་ཆུ་ཚོད་12བར། གནོད་འཚེའི་རྐྱེན་གྱིས་ཧའེ་ནན་དང་། ཀོང་ཏུང་། ཀོང་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་མི་ཁྲི་122.7ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ནས་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་95ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གནོད་འཚེ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཁོང་གིས། རྒྱ་མཚོའི་རླུང་འཚུབ་དྲག་པོ“མོ་ཅེའི”ཤུགས་རྐྱེན་ཕོག་ནས་ཧའེ་ནན་དང་ཀོང་ཏུང་སོགས་ས་ཁུལ་དུ་གནོད་འཚེ་ཚབས་ཆེན་ཕོག་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། དུས་ཚོད་དམ་འཛིན་གྱིས་གནོད་འཚེའི་གནས་ཚུལ་ལ་ཞིབ་བསྡུར་བྱེད་པ་དང་། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གེགས་སེལ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་འོས་འཚམ་ངང་ཡག་པོ་སྒྲུབ་པ། ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱེད་པ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་མི་སྣ་ཤི་རྨས་ཉུང་དུ་གཏོང་དགོས། གཏོར་སྐྱོན་ཕོག་པའི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཉམས་བཟོ་དང་། གེགས་རྗེས་བསྐྱར་སྐྲུན་ལས་དོན་ཧུར་ཐག་སྤེལ་བ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཁོང་གིས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་ས་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱ་མཚོའི་རླུང་འཚུབ་ལྡང་ཕྱོགས་ལ་ལྟ་ཞིབ་ནན་པོ་བྱེད་པ། འགོག་སྲུང་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་པ། ཐོན་སྲིད་པའི་ཞོར་ཐོན་གནོད་འཚེ་ཚབས་ཆེན་སྔོན་འགོག་ནན་པོ་བྱེད་པ། ཉེན་གཡོལ་གནས་སྤོ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་གེགས་སེལ་རོགས་སྐྱོབ་ལས་དོན་ཁག་འོས་འཚམ་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་ཧའེ་ནན་དང་ཀོང་ཏུང་གི་འཐབ་ས་དང་པོར་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། ཧའེ་ནན་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་བྱས་ནས་གཏོར་སྐྱོན་ཕོག་པའི་གློག་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་དང་སླར་གསོ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་ཡག་པོ་བྱེད་བཞིན་ཡོད། མིག་སྔར་གློག་དང་འཕྲིན་གཏོང་སྤྱོད་མཁན་ཁག་གཅིག་གི་གློག་དང་འཕྲིན་གཏོང་སླར་གསོ་བྱུང་བ་དང་། ལས་དོན་ཁག་སྤེལ་བཞིན་ཡོད་པ་རེད།