དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀམ་པི་ཡའི་ཙུང་ཐུང་པཱ་ལུའོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཀམ་པི་ཡའི་ཙུང་ཐུང་པཱ་ལུའོ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཀམ་གྱི་འབྲེལ་བ་དེ་འཐབ་ཇུས་རོཌ་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཀམ་པི་ཡའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་ཏན་ཏིག་ཐེབས་ཏེ་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་གི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོར་གྱུར་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་རེས་དང་རྒྱལ་ཁབ་གཉིས་པོའི་མཛའ་གཅུགས་དང་ཕན་ཚུན་ཡིད་ཆེས་བྱེད་རེས་བརྟན་དུ་དང་དེར་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྲུན་དང་མཉམ་ལས་བྱས་པའི་རྣམ་གྲངས་ཀྱིས་ཀམ་པི་ཡའི་མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་པར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་བཟོ་ལས་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀམ་པི་ཡ་ཕྱོགས་དང་མཉམ་དུ་ད་ཐེངས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་ཀམ་པི་ཡའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་ཀམ་པི་ཡའི་དཔལ་འབྱོར་འཕར་རྒྱུ་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀམ་པི་ཡ་ཕྱོགས་ལ་མུ་མཐུད་སྨན་བཅོས་རུ་ཁག་མངགས་པ་དང་། ཀམ་པི་ཡའི་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཀམ་པི་ཡའི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་སྤེལ་རེས་སུ་ཡོང་བར་སྐུལ་ལྕག་བཅས་བྱས་ཏེ་དམངས་སེམས་གཅིག་མཐུན་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན། ཀམ་པི་ཡས་དབྱི་སི་ལམ་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་ཚོགས་འདུ་སྐབས་བཅོ་ལྔ་པ་བདེ་བླག་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་ཀམ་པི་ཡ་དང་དབྱི་སི་ལམ་མཉམ་ལས་རྩ་འཛུགས་དང་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད།

    པཱ་ལུའོ་ཡིས་གསུངས་དོན། ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་མི་དམངས་ཀྱི་མཛའ་གཅུགས་སྤྲོ་སེམས་དང་པེ་ཅིང་གི་མཛེས་སྡུག་དང་དར་རྒྱས་ནི་མི་རྣམས་ཡིད་དབང་འཕྲོག་དགོས་པ་ཞིག་འདུག ཀམ་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་མཛའ་གཅུགས་ཟབ་མོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྲུན་བྱས་པའི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་དེ་ཀམ་པི་ཡའི་རྒྱལ་སའི་ས་ཁམས་མཚོན་རྟགས་གསར་པར་གྱུར་པ་དང་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་རྣམ་གྲངས་ཀྱིས་ཀམ་པི་ཡའི་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་རོགས་རམ་བྱས་ཡོད། ཁ་ས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་ཁྱབ་བསྒྲགས་གནང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ཡིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་རིམ་སྤོར་བྱས་པར་ཀམ་པི་ཡ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྙིང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།