ཞི་ཅིན་ཕིང་གིས་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུར་ཧན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུར་ཧན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སུའུ་ཏན་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་ཞིག་རེད། ད་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཀྱི་སྲོལ་རྒྱུན་ལྡན་པ་དང་ཕན་ཚུན་ཡིད་ཆེས་བྱེད་རེས་བརྟན་པོར་གཅེས་འཛིན་བྱེད་ཀྱི་ཡོད་ལ། སུའུ་ཏན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་སུའུ་ཏན་གྱི་དུས་བབ་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱི་ཡོད་ལ། སུའུ་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ནས་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་བཟུང་བར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། སུའུ་ཏན་དུ་གང་མགྱོགས་ཞི་བདེ་བརྟན་ལྷིང་སླར་གསོ་བྱུང་སྟེ་བསྐྱར་དུ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ལོག་ནས་མི་དམངས་རྣམས་བདེ་འཇགས་བརྟན་ལྷིང་གི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཡུལ་དུས་མང་པོར་གྲོགས་པོ་སུའུ་ཏན་ལ་བདེན་པའི་གཞུང་བསྐྱངས་ནས། སུའུ་ཏན་གྱི་གནད་དོན་ཆབ་སྲིད་ཐད་ནས་ཐག་གཅོད་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བརྩོན་ལེན་བྱ་རྒྱུ་ཡིན།
པུར་ཧན་གྱིས་གསུངས་དོན། སུའུ་ཏན་དང་ཀྲུང་གོའི་འབྲེལ་བའི་མཛའ་གྲོགས་བརྟན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཡུལ་དུས་སྣ་ཚོགས་ལ་སུའུ་ཏན་གྱིས་རང་བཙན་བདག་དབང་སྲུང་སྐྱོང་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོས་སུའུ་ཏན་དུ་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་བསྐྲུན་ཏེ་སུའུ་ཏན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སུའུ་ཏན་མི་དམངས་ཀྱིས་ཀྲུང་གོར་ཐུགས་རྗེ་ཞུ་བ་དང་གུས་བཀུར་ཞུ་བཞིན་ཡོད། སུའུ་ཏན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་པའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།