དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དབུས་ཨ་ཧྥེ་རི་ཁའི་ཙུང་ཐུང་ཐུའུ་ཝ་ཏེ་ལཱ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་དབུས་ཨ་ཧྥེ་རི་ཁའི་ཙུང་ཐུང་ཐུའུ་ཝ་ཏེ་ལཱ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་དབུས་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་རྒྱ་མཚོ་ཆེན་པོས་ཆོད་ཀྱང་དུས་ནམ་ཡང་ལག་གདང་དཔུང་སྦྲེལ་དང་བསམ་པ་གཅིག་མཐུན་ཡིན། དབུས་ཨ་ཧྥེ་རི་ཁས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་དུས་ཡུན་རིང་པོའི་ནང་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་དབུས་ཨ་ཧྥེ་རི་ཁས་རྒྱལ་ཁབ་རང་བཙན་དང་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན།

    དབུས་ཨ་ཧྥེ་རི་ཁས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་ངས་ཁྱབ་བསྒྲགས་བྱས་པའི་བྱེད་ཐབས་གསར་པ་ཡག་པོ་སྤྱད་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་ཟམ་མི་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གཏོད་པར་དགའ་བསུ་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་མཐར་གཏུགས་ནས་བརྗོད་ན་མི་སེར་རྣམས་དེ་བས་ཡག་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ནི་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་དབུས་ཨ་ཧྥེ་རི་ཁ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་འདོད་ཡོད། དབུས་ཨ་ཧྥེ་རི་ཁས་ཀྲུང་གོའི་ཁེ་ལས་ལ་སྔར་བས་བདེ་འཇགས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད།

    ཐུའུ་ཝ་ཏེ་ལཱ་ཡིས་གསུངས་དོན། ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུའི་ཡིད་ཆེས་ཡོད། དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་མ་ཟད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བྱ་བའི་ཁྲོད་བཏོན་པའི་ཁྲིད་སྟོན་གྱི་ནུས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།