དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ལཱ་ཆའོ་ལི་ནཱ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ལཱ་ཆའོ་ལི་ནཱ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་མའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མ་ཏ་ཀ་སི་ཁར་རྒྱ་མཚོ་ཆེན་པོས་ཆོད་ཀྱང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་52སོང་རིང་། ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་། ལྟ་སྟངས་འདྲ་མཉམ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐོབ་སྣང་ཉིན་བཞིན་ཆེ་རུ་ཕྱིན་ཡོད། མ་ཏ་ཀ་སི་ཁར་གྱིས་རང་བཙན་རང་བདག་ངང་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། མ་ཏ་ཀ་སི་ཁར་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་། རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱི་རོགས་སྐྱོར་རྣམ་གྲངས་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ། གཏེར་ལས་དང་། ནུས་རྒྱུ་གསར་པ། མཚོ་ཐོག་དཔལ་འབྱོར། གེགས་འགོག་གེགས་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་བསྡུར་ཀྱང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ནས་ལུའུ་པན་བཟོ་ཁང་དང་ཁུང་ཙི་སློབ་གླིང་མ་ཏ་ཀ་སི་ཁར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་མ་ཏ་ཀ་སི་ཁར་ཕྱོགས་ལ་དེང་རབས་ཅན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུར་རམ་འདེགས་བྱེད་ཀྱི་ཡིན། གཞོན་ནུ་དང་། རིག་གནས། ས་གནས་སོགས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ལཱ་ཆའོ་ལི་ནཱ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་མཛངས་ལྡན་པའི་འགོ་ཁྲིད་འོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ལྷག་ཙམ་པེ་ཅིང་དུ་མཉམ་དུ་འཛོམས་ནས་འཕེལ་རྒྱས་ཀྱི་འགྲོ་ལམ་དང་འབྱུང་འགྱུར་གྱི་འབྲེལ་བའི་ཐད་མཉམ་དུ་གྲོས་མོལ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ཡིས་ཨ་ཧྥེ་རི་ཁའི་རྣམ་པར་འགྱུར་ལྡོག་བཏང་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བསུ་ཐུབ་ངེས་ཡིན། ཀྲུང་གོའི་རོགས་རམ་འོག་མ་ཏ་ཀ་སི་ཁར་ཡི་རྒྱུད་འདྲེས་ཆུ་འབྲས་ཀྱི་ལག་རྩལ་ལེགས་སུ་ཕྱིན་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་ཐུབ་ཡོད། མ་ཏ་ཀ་སི་ཁར་ཕྱོགས་ཀྲུང་གོའི་མཉམ་ལས་རོགས་ཟླར་འགྱུར་རྒྱུར་གཞོལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།