དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ལི་པེ་རི་ཡའི་ཙུང་ཐུང་པོའོ་ཨ་ཁའེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཉིན་དགུང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ལི་པེ་རི་ཡའི་ཙུང་ཐུང་པོའོ་ཨ་ཁའེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ལིའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ལིའི་འབྲེལ་བའི་མཛའ་གྲོགས་ཟབ་ཅིང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ལི་པེ་རི་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཨེ་པོ་ལ་རིམས་ནད་དང་ཏོག་གསར་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་རིང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ལྷག་བསམ་ཟོལ་མེད་ངང་མཉམ་ལས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བར་ནང་དོན་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ད་ཐེངས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་པོའོ་ཨ་ཁའེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་འཁྱོངས་གནང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ལི་པེ་རི་ཡ་ཕྱོགས་དང་སྤེལ་རེས་དང་སྐད་ཆ་ཤོད་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱས་ནས་མཚོ་ཐོག་སྐྱེལ་འདྲེན་དང་། ཞིང་ལས། ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་ལི་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་ཡིན་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཐུན་མོང་ཐོག་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    པོའོ་ཨ་ཁའེ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལི་པེ་རི་ཡར་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་རྨང་གཞིའི་སྒྲིག་བཀོད་དང་། འཕྲོད་བསྟེན། སློབ་གསོ་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་བྱས་པར་བརྟེན་ལི་པེ་རི་ཡའི་མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཡོད། ཀྲུང་གོ་ནི་ལི་པེ་རི་ཡའི་གྲོགས་པོ་ངོ་མ་ཡིན། ལི་པེ་རི་ཡ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་རྒྱུ་ཡིན་པ་ངས་བསྐྱར་བསྒྲགས་བྱེད་འདོད། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་ལི་པེ་རི་ཡས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུར་རམ་འདེགས་ཐུབ་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།