དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པུའི་དབར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་མང་རིང་། ཀྲུང་གོ་དང་པུ་རུན་ཏིའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཉམས་སད་ཐེག་ནས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་རོགས་ཟླ་དངོས་དང་། སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་མཁན་གྱི་སྤུན་ཟླ་བཟང་པོར་གྱུར་ཡོད། ཀྲུང་གོ་དང་པུ་རུན་ཏིའི་འབྲེལ་བར་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་དར་ལའང་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱིས་ཀྲུང་ཧྥེའི་འབྲེལ་བའི་དུས་མཚམས་རྗེས་མའི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱས་པ་དེས། ཀྲུང་ཧྥེས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཞིང་། དེ་ནི་ཀྲུང་ཧྥེའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་གླེང་སྟེགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ་གོ་སྐབས་སུ་བཟུང་ནས་ཀྲུང་གོ་དང་པུ་རུན་ཏིའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། པུ་རུན་ཏི་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱས་ནས་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུར་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། པུ་རུན་ཏི་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ཁྱབ་ཁོངས་ཐད་ཉམས་མྱོང་སྤེལ་རེས་དང་ནུས་པ་འཛུགས་སྐྱོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། སྲོལ་རྒྱུན་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་འདོད་ཡོད། པུ་རུན་ཏི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་79པའི་ཨུ་ཡོན་ལྷན་ཁང་གསུམ་པའི་ཀྲུའུ་ཞིའི་རྒྱལ་ཁབ་ལ་བདམས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པུ་རུན་ཏི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད།

    ཨེན་ཏ་དབྱི་ཧྲི་སྨི་ཡེ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུ་རྒྱུ་དང་། པུ་རུན་ཏི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་བའི་ཧྥེ་ཀྲུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུར”རྦད་དེ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཀྱི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཡང་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། པུ་རུན་ཏི་དང་ཀྲུང་གོའི་འབྲེལ་བ་ནི་ཐུན་མོང་གི་རིན་ཐང་དང་འདུ་ཤེས་ལ་གཞི་ཚུགས་པ་ཞིག་རེད། ཀྲུང་གོ་དང་འདྲ་བར་པུ་རུན་ཏི་སྲིད་གཞུང་གིས་ཀྱང་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད་པ་དང་། མི་དམངས་རྣམས་འཚོ་བ་དེ་བས་སྐྱིད་པོ་ཞིག་སྐྱེལ་བར་ཀྲུང་གོའི་རྒྱབ་སྐྱོར་དང་མཉམ་ལས་ནི་མེད་དུ་མི་རུང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།