དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སོ་མ་ལིའི་ཙུང་ཐུང་མཱ་ཧ་མའོ་ཏེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་སོ་མ་ལིའི་ཙུང་ཐུང་མཱ་ཧ་མའོ་ཏེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སོ་མ་ལི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། སོ་མ་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ཨ་ཧྥེ་རི་ཁའི་ཤར་རྒྱུད་ཀྱི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ཚོད་བགམ་ཆེན་པོ་ཐེག་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་ཕྱོགས་དང་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་སོ་མ་ལི་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། སོ་མ་ལིའི་ཞི་བདེ་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ལའང་རྒྱབ་སྐྱོར་བྱས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་སོ་མ་ལི་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། ཉ་ལས། མི་ཤུགས་ཐོན་ཁུངས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སོ་མ་ལིའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་མུ་མཐུད་རོགས་དངུལ་བཏང་ནས་སོ་མ་ལིའི་རང་བརྟེན་འཕེལ་རྒྱས་དང་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སོ་མ་ལི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་མིན་པའི་རྒྱལ་ཁབ་ལ་བདམས་ནས་ཨ་ཧྥེ་རི་ཁ་ཤར་མའི་གཅིག་མཐུན་ཚོགས་པའི་ནང་དངོས་སུ་ཞུགས་པར་རྟེན་འབྲེལ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

    མཱ་ཧ་མའོ་ཏེས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་དུས་བཀག་ལྟར་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་ཐུབ་ངེས་ཡིན་པ་མ་ཟད། ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་སྣེ་ཁྲིད་དེ་ཐུན་མོང་འཕེལ་རྒྱས་ལ་ཁྲིད་སྟོན་ཐུབ་ངེས་ཀྱང་ཡིན་པའི་ཡིད་ཆེས་ཡོད། སོ་མ་ལིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གནང་བ་དང་འབྲེལ་སོ་མ་ལིའི་དཔལ་འབྱོར་འཛུགས་སྐྲུན་ཐད་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སོ་མ་ལིས་བདེ་འཇགས་དང་བརྟན་ལྷིང་ཡོང་རེ་བྱེད་པ་དང་ཀྲུང་གོ་བློས་འགེལ་ཆོག་པའི་རོགས་ཟླ་དང་གྲོགས་པོར་བརྩི་ཡི་ཡོད་ལ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད། སོ་མ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།