དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-08

    ཟླ་9ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་གྲོས་མོལ་གནང་བ་རེད། གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་སཱ་སུའུ་དང་སྐུ་ཟླ་ཨན་ཐོ་ཝ་ནེ་ཐེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སཱ་སུའུ་དང་སྐུ་ཟླ་ཨན་ཐོ་ཝ་ནེ་ཐེ་རྣམ་གཉིས་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་སྦྲགས། སཱ་སུའུ་ཡིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་གྲུབ་འབྲས་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན། 2013ལོར་ངས་ཨ་ཧྥེ་རི་ཁར་འཚམས་འདྲི་བྱེད་རིང་ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་བྱེད་པའི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་བཏོན་པ་དེ་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་རྩ་དོན་ཞིག་ཏུ་གྱུར་ཡོད། ད་ཐེངས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ལས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མར་ཕན་པ་ཐོབ་ནས་ཀྲུང་ཧྥེའི་མཉམ་ལས་གནས་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་པ་དང་། དེ་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་དང་ཀྲུང་ཧྥེ་དེང་རབས་ཅན་ལ་སྣེ་ཁྲིད་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གཏིང་ཟབ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(པུའུ)དང་མཉམ་དུ་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་ནུས་པ་ཡག་པོ་བཏོན་ཏེ་དབུ་ཚོགས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི“གསེར་གྱི་མིང་བྱང”དེ་བས་མངོན་གསལ་དོད་དུ་འགྲོ་བའི་འགན་ལེན་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་ཧྥེས་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཁོང་ཀོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ཀྲུང་གོ་དང་ཁོང་ཀོའི་མཛའ་གྲོགས་སྲ་ཞིང་བརྟན་པ་དེའི་འབྱུང་རྩ་ནི་རྒྱལ་ཁབ་གཉིས་པོའི་ཚད་མཐོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། ཐུན་མོང་གི་འདུ་ཤེས་དོན་གཉེར། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བཅས་ལ་ཐུག་ཡོད། ཀྲུང་ཧྥེའི་འབྲེལ་བ་རྒྱང་ལམ་གསར་པར་སླེབས་ནས་ཀྲུང་གོ་དང་ཁོང་ཀོའི་མཛའ་གྲོགས་མཉམ་ལས་ལ་ཡང་དེ་བས་འོད་སྟོང་འབར་བའི་ལོ་60རྗེས་མ་དེ་འཆར་རྒྱུ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཁོང་ཀོའི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་ནས་ཀྲུང་ཧྥེའི་འབྲེལ་བར་དཔེ་མཚོན་གཏོད་དགོས།

    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོང་ཀོ་རྒྱལ་ཁབ་གཉིས་ཀྱིས“འགན་འཁྲི་བཞི”ཡག་པོ་འཁུར་དགོས་པ་སྟེ། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དར་ཆ་སྒྲེང་མཁན་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གདོང་ལེན་པ། དམངས་སེམས་གཅིག་མཐུན་གྱི་མིག་དཔེ། མཐུན་སྒྲིལ་རོགས་ལས་ཀྱི་མིག་ལྟོས་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཚང་མའི་ཐད་ཁོང་ཀོ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་དང་ཁ་གསལ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཁོང་ཀོ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ་དང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་འགྲོ་འོང་བྱེད་ཟབ་ཏུ་བཏང་ནས་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་འདོད་ཡོད།

    ཁོང་ཀོ་ཕྱོགས་ཀྱིས་སྣ་མང་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཁོང་ཀོ(པུའུ)ཡི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ས་ཁོངས་འབྲེལ་མཐུད་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་ལྕག་གཏོང་བ། ཞིང་ལས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་མཉམ་ལས་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་རང་འགུལ་ངང་ཀྲུང་གོ་དང་ཁོང་ཀོའི་མཛའ་གྲོགས་བྱ་གཞག་ལ་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་དེ་བས་ཕན་ཡོད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་འདོད་ཡོད།

    སཱ་སུའུ་ཡིས་གསུངས་དོན། ལོ་60ཡི་གོང་ང་རང་ཁོང་ཀོ(པུའུ)ཡི་གཞོན་ནུ་ཁག་དང་པོའི་ངོས་ནས་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་ཡོད། ལོ་འདི་དག་རིང་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་ནས་ཀྲུང་གོར་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པའི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་ཏེ་ཀྲུང་གོ་མི་དམངས་ལ་སྤོབས་པ་ཆེན་པོ་སྐྱེས་པའི་བདེན་དཔང་བྱས་ཡོད། ཁོང་ཀོ(པུའུ)མི་དམངས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་ལ་སྙིང་དབུས་ནས་རྟེན་འབྲེལ་ཞུ་གི་ཡོད། ཁོང་ཀོ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་ཁེ་ལས་མང་པོ་ཞིག་ཁོང་ཀོ(པུའུ)ཡི་ཉ་ལས་དང་། གཏེར་ལས། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་ནས་ཁོང་ཀོ(པུའུ)ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཁོང་ཀོ(པུའུ)ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་གཅུགས་ཟབ་ཏུ་རྒྱུན་ཆད་མེད་པར་བཏང་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ལངས་ཕྱོགས་འདིར་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མི་སྲིད། ཁོང་ཀོ(པུའུ)ཡིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་འཁུར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་བདེ་བླག་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུ་རྒྱུའང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།