ཁྲོམ་གཞུང་ཞབས་བྲོ་ལྟད་མོ་ཆེ། ལང་ཚོའི་ཉམས་འགྱུར་ཨེ་མ་མཚར།
—— ཁྲོམ་གཞུང་ཞབས་བྲོ་མཁས་པ་དང་བོད་ལྗོངས་བསོད་ནམས་ཅན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསྟན་འཛིན་ཕུན་ཚོགས་ལ་བཅར་འདྲི་ཞུས་པ།
གོང་གི་པར་འདི་དག་ནི་བོད་ལྗོངས་བསོད་ནམས་ཅན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསྟན་འཛིན་ཕུན་ཚོགས་དང་ཁོང་གི་ཚོགས་པའི་ལས་རོགས་དང་དེ་བཞིན་སློབ་མ་ཚོས་ཁྲོམ་གཞུང་ཞབས་བྲོ་འཁྲབ་སྦྱོང་བྱེད་བཞིན་པ།
པར་འདི་ནི་བསྟན་འཛིན་ཕུན་ཚོགས་ཀྱིས་གསར་འགོད་པར་གཟེངས་བསྟོད་བྱ་དགའ་སྟོན་བཞིན་པ།
མི་རིང་བའི་གོང་དྲ་ཐོག་ཏུ་སྤེལ་བའི《འཚིག་ཇ་དང་ཇ་མངར་མོ》ཞེས་པའི་སྒྲ་སྙན་དང་ཁྲོམ་གཞུང་ཞབས་བྲོ་ཟུང་དུ་འབྲེལ་བའི་བརྙན་ཐུང་ཞིག་གིས་རྒྱ་ཆེའི་ལྟད་མོ་བ་ཇི་སྙེད་ཅིག་གི་ཡིད་དབང་རབ་ཏུ་བཀུག་ཡོད་ཅིང་། ཁོང་ཚོས་འཁྲབ་པའི་ཞབས་བྲོའི་སྟོན་མོ་ལ་མཐེ་བོང་བསྒྲེངས་ནས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་བར་བྱེད། 《འཚིག་ཇ་དང་ཇ་མངར་མོ》ཞེས་པའི་ཞབས་བྲོའི་བརྙན་ཐུང་དེ་ནི་བོད་ཀྱི་སྲོལ་རྒྱུན་ཞབས་གཞས་དང་དེང་དུས་གང་སར་དར་ཁྱབ་ཆེ་བའི་ཁྲོམ་གཞུང་ཞབས་བྲོ་གཉིས་མཉམ་འདྲེས་གང་ལེགས་བྱས་ཏེ། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཏང་བ་ཞིག་རེད།
ཕ་ཡུལ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ནས་ཡིན་ཞིང་། ད་ལོ་ལོ་26ལ་སླེབས་པའི་བསྟན་འཛིན་ཕུན་ཚོགས་ནི་ཞབས་བྲོ་འཁྲབ་མཁན་དེ་དག་གི་གྲས་ཤིག་ཡིན་ཞིང་། ཆུང་དུས་ནས་ཁྲོམ་གཞུང་ཞབས་བྲོ་འཁྲབ་པར་དགའ་ཞེན་ཆེན་པོ་ཡོད་སྟབས། ད་བར་རང་གི་དགའ་ཕྱོགས་རྒྱུན་བསྐྱངས་ནས་བློས་གཏོང་གཏན་ནས་བྱས་མེད། ཉེ་ཆར། སྟེས་དབང་གི་གོ་སྐབས་ཤིག་གིས་གསར་འགོད་པར་བསྟན་འཛིན་ཕུན་ཚོགས་ལ་བཅར་འདྲི་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་སྟེ། ཁོང་དང་ཁྲོམ་གཞུང་ཞབས་བྲོའི་བར་ལ་ལས་འཕྲོའི་མདུད་པ་ཇི་ལྟར་ཐེབས་མིན་དང་། ད་བར་དུ་རྒྱུན་ཇི་ལྟར་སྐྱོང་ཚུལ། དེ་བཞིན་ཁོང་གིས་གཙོ་འགན་ཁུར་བའི་བོད་ལྗོངས་བསོད་ནམས་ཅན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་ཡིན།
“2010ལོར་ཡུལ་གྲོགས་ཕུན་ཚོགས་ཚེ་རིང་གིས་ཕ་ཡུལ་དུ་ཁྲོམ་གཞུང་ཞབས་བྲོ་འཁྲབ་པ་མཐོང་བྱུང་། ཁོང་གི་ལག་པའི་ཕྱག་རྒྱ་དང་། རྐང་པའི་སྟངས་སྟབས། ལུས་ཀྱི་ལྡེམ་ཁྱུག་སོགས་ཞབས་བྲོའི་འཁྲབ་རྩལ་གྱིས་ངའི་མིག་ཡིད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་སོང་། ནམ་ཞིག་ང་ཡང་ཁོང་དང་འདྲ་བར་ཁྲོམ་གཞུང་ཞབས་བྲོ་རྫིག་པོ་འདི་འདྲ་འཁྲབ་མཁན་ཞིག་ཏུ་གྱུར་ན་ཅི་འདྲའི་དགའ་བ་ལ་ཨང་སྙམ་བྱུང”ཞེས་བསྟན་འཛིན་ཕུན་ཚོགས་ཀྱིས་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ་འདི་ལྟར་བརྗོད། རི་གྲོང་གི་པང་ནས་འཚར་བའི་བུ་ཕྲུག་ཅིག་གི་ངོས་ནས་བརྗོད་ན། ཡུལ་གྲོགས་ཕུན་ཚོགས་ཚེ་རིང་གིས་འཁྲབ་པའི་ཁྲོམ་གཞུང་ཞབས་བྲོ་དེ་རིགས་མཐོང་ཐེངས་ཐོག་མ་ཡིན་པས། ཞབས་བྲོ་དེ་རིགས་རྫིག་པོ་དང་ལྟ་སྣང་དོད་པོ་ཞིག་ཏུ་མཐོང་སྟེ། ཁྱིམ་དུ་ལོག་རྗེས། ཀླད་པའི་དཀྱིལ་འཁོར་དུ་ལྡིང་སྐོར་ཡང་ཡང་རྒྱག་པའི་ཚེ་རིང་ཕུན་ཚོགས་ཀྱིས་འཁྲབ་པའི་ཁྲོམ་གཞུང་ཞབས་བྲོའི་འཁྲབ་རྩལ་རེ་རེར་མནོ་བསམ་གཏོང་གིན་ལད་མོ་ཡང་ཡང་བྱེད་པར་ཐལ།
དམའ་འབྲིང་ལོ་གསུམ་རིང་ལ། ཁོང་གིས་སྔར་རྒྱུན་བཞིན་ཁྲོམ་གཞུང་ཞབས་བྲོ་སྦྱོང་མཚམས་དང་འཁྲབ་མཚམས་བཞག་མེད་དེ། ནམ་རྒྱུན་སློབ་གསེང་གི་ངལ་གསོའི་དུས་ཚོད་སྐར་མ་བཅུ་ཙམ་དེ་ཡང་འཕྲོ་བརླག་ཏུ་མ་བཏང་བར། ཁྲོམ་གཞུང་ཞབས་བྲོ་འཁྲབ་སྐབས་ཀྱི་ལུས་པོ་འགུལ་སྐྱོད་བྱེད་སྟངས་དང་། སྐེད་པའི་ལྡེམ་ཁྱུག་བྱེད་སྟངས། རྐང་པ་དང་མགོ་བོ་གཡུག་སྟངས་སོགས་ལ་སྦྱངས་པ་ལྷུར་ལེན་བྱས། དུས་དེ་ནས་བཟུང་སྟེ་ཁྲོམ་གཞུང་ཞབས་བྲོ་འཁྲབ་རྒྱུ་ནི་ཁོང་ལ་མཚོན་ན་རང་གི་དགའ་ཕྱོགས་ཁོ་ན་མིན་པར། རང་གི་སློབ་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐབས་ཤིག་དང་། སློབ་སྦྱོང་གི་ངལ་དུབ་སེལ་བའི་བདུད་རྩི་སྨན་མཆོག་འབའ་ཞིག་ཏུ་གྱུར།
2016ལོ་ནི་ཁོང་ལ་མཚོན་ན་མི་ཚེའི་གོམ་ཁ་སྒྱུར་མཚམས་གསར་པ་ཞིག་ཡིན་ཏེ། ལོ་དེར་ཁོང་ལྷ་སར་གཉེར་བའི་ཁྲོམ་གཞུང་ཞབས་བྲོའི་འགྲན་སྡུར་ཞིག་ལ་ཞུགས་སྐལ་བྱུང་ཞིང་། དེ་ནི་ཁོང་སྒྱུ་རྩལ་གྱི་གར་སྟེགས་སུ་ཁྲོམ་གཞུང་ཞབས་བྲོ་འཁྲབ་ཐེངས་ཐོག་མ་རེད། འགྲན་བསྡུར་དེར་ཞུགས་པ་བརྒྱུད། དེ་ལས་ཁོང་ལ་ཐོབ་པ་ནི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱུང་བ་ཁོ་ན་མིན་པར། ཁོང་གི་བྱང་ཆ་དོད་པའི་ཁྲོམ་གཞུང་ཞབས་བྲོའི་འཁྲབ་རྩལ་གྱིས་སྐབས་དེ་དུས་ལྷ་ས་ཙམ་མ་ཟད། བོད་ཀྱི་ས་ཕྱོགས་གང་སར་སྐད་གྲགས་ངེས་ཅན་ཡོད་པའི་གར་བོད་རྒྱལ་རབས(舞藏王朝)ཞེས་པའི་ཁྲོམ་གཞུང་ཞབས་བྲོ་ཚོགས་པའི་གཅེན་པོ་ཞིག་གི་བློ་ཡིད་རབ་ཏུ་བཀུག་པ་དང་། ལྷག་པར་དུ། སྐབས་དེ་དུས་གར་བོད་རྒྱལ་རབས་ཀྱིས་ཞབས་བྲོ་བ་བསྡུ་བཞིན་པའི་སྐབས་དང་ཏག་ཏག་འཁེལ་བས། གཅེན་པོ་དེའི་འོས་སྦྱོར་དང་རང་གི་ཁྱད་དུ་འཕགས་པའི་ཞབས་བྲོའི་འཁྲབ་རྩལ་གྱིས་ཁོང་ཡང་རང་གིས་ཉིན་མཚན་ལྟོས་མེད་དུ་རེ་སྙེག་བྱེད་བཞིན་པའི་གར་བོད་རྒྱལ་རབས་ཀྱི་ཚོགས་མི་ཞིག་ཏུ་གྱུར། དུས་དེ་ནས་བཟུང་། ཁོང་ལ་སྒྱུ་རྩལ་གྱི་གར་སྟེགས་ཆེ་མ་ཆུང་གསུམ་གྱི་ཐོག་ཁྲོམ་གཞུང་ཞབས་བྲོ་འཁྲབ་པའི་གོ་སྐབས་ཐོབ་ཡོད་དེ། 2017ལོར་གར་བོད་རྒྱལ་རབས་ཚོགས་པས་ལྷ་སར་གཉེར་བའི་གར་མཁན་ལོག་ཤོག(舞者归来)ཅེས་པའི་མཉམ་འཁྲབ་འགྲན་བསྡུར་ཆེན་པོར(齐舞大赛)ཞུགས་པར། ཁོང་དང་ཁོང་གི(BBOY)ཚོགས་པས་ཨང་དང་པོ་བླངས།
2020ལོར་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ནས་ཐོན་རྗེས། མ་གཞི་བྱས་ན་རང་གི་དགའ་ཕྱོགས་དང་ལེགས་ཆར་གཞི་ཚུགས་ཏེ་ཁྲོམ་གཞུང་ཞབས་བྲོ་སློབ་སའི་ལས་གཉེར་ཁང་ཞིག་འཛུགས་འདོད་ཀྱི་འཆར་གཞི་ཡོད་ཀྱང་། ཞིང་ཁུལ་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག་ལ་གཅིག་ནས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་མཁན་མེད་པ་དང་། གཉིས་ནས་སློབ་ཆེན་ནས་ཐོན་ཏེ་སྤྱི་ཚོགས་ཐོག་གོམ་པ་སྤོས་མ་ཐག་ཡིན་སྟབས། སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ། གསུམ་ནས་དགའ་མོས་གཅིག་པའི་མཉམ་ལས་རོགས་པ་ངོ་དྲག་པ་ཞིག་དང་མ་ཕྲད་པ་སོགས་དཀའ་ངལ་རབ་དང་རིམ་པ་ཕྲད་སྟབས། ཡུན་རིང་ཁོག་ཏུ་ཉར་ཞིང་སྙིང་ཁར་འབུས་པའི་ཕུགས་བསམ་གྱི་མེ་ཏོག་དེ་རེ་ཞིག་རྒྱང་རིང་ལ་བཅོལ་དགོས་བྱུང་སྟེ། གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞག་ནས་ཆུང་ས་དང་དམའ་ས་ནས་འགོ་བརྩམ་རྒྱུའི་སེམས་ཐག་བཅད། ཁོང་གིས་དེ་ལྟར་ལྷ་ས་ནས་ཁང་པ་ཞིག་བོགས་མར་བླངས་པ་དང་། ཉིན་མོ་ཁ་པར་འཚོང་བ་དང་། དེ་རྗེས་སློབ་གྲོགས་ཤིག་གི་འོས་སྦྱོར་བརྒྱུད། ཁ་པར་བློ་འདྲི་བ་ཞིག་བྱས། འོན་ཀྱང་། ལས་ཀ་དེ་དག་ནི་གླ་ཆ་ཉུང་བ་དང་། རང་གི་དགའ་ཕྱོགས་དང་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་པས། རིམ་གྱིས་ཁོང་ལ་ལས་ཀ་དེ་དག་དང་རྒྱང་དུ་གྱེས་རྒྱུའི་བསམ་བློ་འཁོར། འོན་ཀྱང་། འཚོ་བའི་མདུན་དུ། རྒྱང་རིང་གི་ཕུགས་བསམ་གྱི་སླད་དུ། ཁོང་གིས་ངལ་བ་ཡོད་ཚད་ལ་བཟོད་བསྲན་བགྱིས་ཏེ། ཉིན་དཀར་གྱི་དུས་སུ་ལས་ཀར་བསྐྱོད་ནས་མ་དངུལ་ཧུར་ཐག་བསགས་པ་དང་། མཚན་མོ་ལས་ཐག་བཅད་ནས་ཁྱིམ་དུ་འབྱོར་རྗེས། ཁ་པར་དང་གློག་ཀླད་ནས་ཁྲོམ་གཞུང་ཞབས་བྲོ་དང་འབྲེལ་བའི་བརྙན་ཐུང་བཙལ་ཏེ། ཡང་ཡང་ལྟ་ཞོར་ནང་སྦྱོང་ཡང་ཡང་བྱས་ནས། རང་ཉིད་ཀྱང་ཁྲོམ་གཞུང་ཞབས་བྲོའི་ཆེད་ལས་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཆེད་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས།
གོ་སྐབས་ནི་གྲ་སྒྲིག་ཅན་ལ་དབང་ཞེས་པ་ལྟར། 2022ལོའི་ཟླ་བ་ལྔ་པར་TNTཁྲོམ་གཞུང་ཞབས་བྲོ་ཚོགས་པ་དང་གར་བོད་རྒྱལ་རབས་གཉིས་ཟླ་སྒྲིལ་བཏང་ནས་ལྷ་ས་ཉང་བྲན་ལམ་རྒྱུད་དུ་ཆགས་པའི་སློབ་གསོའི་ཐོན་ལས་གླིང་དུ་བོད་ལྗོངས་བསོད་ནམས་ཅན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཙུགས་ཤིང་། སྐབས་དེ་དུས་ཀུང་སི་དེར་འགན་ཁུར་བ་ཡག་པོ་ཞིག་མེད་སྟབས། མི་མང་པོའི་འོས་སྦྱོར་བརྒྱུད་བསྟན་འཛིན་ཕུན་ཚོགས་ཀུང་སི་དེའི་འགན་ཁུར་བར་བདམས། མ་གཞི་ཀུང་སི་བཙུགས་ཙམ་ལ། ཐོན་ཁུངས་ཀྱི་ཚད་བཀག་དང་། བྱ་གཞག་གསར་གཏོད་ཀྱི་ཉམས་མྱོང་མེད་པ། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་སོགས་ལ་རྒྱུས་མངའ་ཟབ་མོ་མེད་པ་བཅས་ཀྱི་དཀའ་ངལ་རབ་དང་རིམ་པ་ཕྲད་མོད། ཁོང་གིས་ཀུང་སི་གང་དེ་རང་གི་ཁྱིམ་ཚང་ལྟ་བུར་བརྩིས་ནས་གཉེར་སྐྱོང་གང་ལེགས་བྱས་པ་དང་། གཞོན་ནུ་ལོ་ཆུང་གི་ཁྲོམ་གཞུང་ཞབས་བྲོ་སྦྱོང་ས་དང་། དར་མའི་ཁྲོམ་གཞུང་ཞབས་བྲོའི་སྦྱོང་བརྡར་ལྟེ་གནས་བཙུགས་ཏེ། ཁྲོམ་གཞུང་ཞབས་བྲོར་དགའ་ཞེན་ཡོད་པའི་སྤྱི་ཚོགས་དང་སློབ་གྲྭ་ཁག་གི་སློབ་མ་མང་པོ་ཞིག་བསྡུས་ནས་སྦྱོང་བརྡར་བྱས་པར། ཁོང་ཚོའི་ཀུང་སིར་ཐོག་མའི་ཁྲོམ་གཞུང་ཞབས་བྲོ་སྦྱོང་མཁན་སློབ་མ་བཅུ་གྲངས་ཡོད་པ་ནས་ད་ལྟའི་སློབ་མ་ཉིས་བརྒྱ་ལྷག་ཙམ་བར་འཕར་བ་དང་། ཁྲོམ་གཞུང་ཞབས་བྲོ་སྦྱོང་མཁན་ཡང་ཐོག་མའི་འཛིན་གྲྭ་གཉིས་ནས་ད་ལྟའི་འཛིན་གྲྭ་བདུན་བར་མང་དུ་ཕྱིན་པ། དེའི་ཁར་སྲིད་གཞུང་ནས་བྱ་གཞག་གསར་གཏོད་ཀྱི་རོགས་དངུལ་དང་ཁང་གླའི་ཁ་གསབ་རོགས་དངུལ་སྤྲད་དེ་རྒྱབ་སྐྱོར་གང་ལེགས་གནང་བར། ཀུང་སིའི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ཐུབ་སྟེ། ད་ལྟ་ལྷ་སར་ཁྲོམ་གཞུང་ཞབས་བྲོ་སློབ་བཞིན་པའི་ཀུང་སིའམ་གསོ་སྦྱོང་ལྟེ་གནས་ཁག་བདུན་བརྒྱད་ཙམ་ཞིག་ཡོད་པའི་ཁྲོད་ཀྱི་མིག་ལྟོས་བྱེད་ཡུལ་དང་སྣེ་ཁྲིད་པ་ལྟ་བུར་གྱུར་ཡོད།
བསྟན་འཛིན་ཕུན་ཚོགས་ཀྱིས། “བྱ་གཞག་གསར་གཏོད་ཀྱི་ལམ་བུར་ང་ལ་མི་ཡག་པོ་ཤ་སྟག་ཐུག་བྱུང་། ཁོང་རྣམ་པའི་རྒྱབ་སྐྱོར་དང་། རོགས་རམ། ཡིད་ཆེས། མཛུབ་སྟོན་སོགས་མེད་ན། ངའི་བྱ་གཞག་ལ་ལམ་ལྷོངས་ཡོང་མི་སྲིད། ལས་དབང་དང་ལས་རིགས་མི་གཅིག་ཀྱང་། དགའ་ཞེན་གཅིག་པའི་ཁོང་རྣམ་པའི་ཕྱར་བ་གྲུ་འདེགས་དང་། ཐུན་མོང་འབད་བརྩོན་འོག ང་ཚོའི་ཀུང་སིའི་བྱ་གཞག་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་ངེས་པ་ང་ལ་ཡིད་ཆེས་ཡོད”ཅེས་བརྗོད། ཁོང་གིས། “སློབ་མ་མང་པོ་ང་ཚོའི་ཁྲོམ་གཞུང་ཞབས་བྲོ་ལྟེ་གནས་སུ་སྦྱོང་བརྡར་བྱེད་པར་ཡོང་རྗེས། ཁོང་ཚོར་རང་གི་མི་ཚེའི་གར་སྟེགས་ཤིག་རྙེད་པ་ལྟར། ནམ་རྒྱུན་སྐད་ཆ་ཤོད་པར་མི་དགའ་བའི་སློབ་མ་མང་པོའང་གྲུང་རིལ་རིལ་དུ་གྱུར་འདུག ཁྱིམ་བདག་མང་པོས་རང་གི་ཕྲུ་གུར་འགྱུར་ལྡོག་འདི་འདྲ་བྱུང་བ་མཐོང་སྐབས། སེམས་ལ་སྤྲོ་བས་བརྟས་ཏེ་ང་ཚོར་བཀའ་དྲིན་ཆེ་ཡང་ཡང་ཞུ་གི་འདུག འདི་ནི་ངས་ཀུང་སི་མུ་མཐུད་ནས་གཉེར་བའི་སྒུལ་ཤུགས་ཡིན་པས། གནས་འདི་ནས་ངས་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པར་མ་ཟད། སློབ་མ་མང་པོར་སྤྲོ་སྣང་ཡང་སྦྱིན་ཐུབ་ཀྱི་འདུག”ཅེས་བརྗོད།
འདས་པའི་ལོ་ཟླར་ཕྱི་མིག་ལྟ་སྐབས། བོད་ལྗོངས་བསོད་ནམས་ཅན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ནི་ཀྲུང་གོ་ཞབས་བྲོ་མཁས་པའི་མཐུན་ཚོགས་ཁྲོམ་གཞུང་ཞབས་བྲོ་ཨུ་ལྷན་གྱི་བོད་ལྗོངས་ཁུལ་གྱི་རྒྱུན་ལས་ལས་འཛིན་གྱི་ཚན་པ་གཅིག་པུ་དེ་ཡིན་པའི་ཆ་ནས། 2022ལོར་ཀྲུང་གོ་ཞབས་བྲོ་མཁས་པའི་མཐུན་ཚོགས་ཁྲོམ་གཞུང་ཞབས་བྲོ་ཨུ་ལྷན(CHUC)གྱིས་བསྩལ་བའི“2022ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་པ་ཕུལ་བྱུང”གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲོམ་གཞུང་ཞབས་བྲོའི་འགྲན་བསྡུར་ཆེན་པོར་ཞུགས་པར་ཁོང་ཚོའི་མཉམ་འཁྲབ་ཞབས་བྲོར་བྱ་དགའ་ཨང་དང་པོ་ཐོབ་པ། 2023ལོར་བསྟན་འཛིན་ཕུན་ཚོགས་དང་ཚོགས་མི་ཚོས《བསོད་ནམས་ཅན》ཞེས་པའི་མི་རིགས་ཀྱི་ཁྲོམ་གཞུང་ཞབས་བྲོའི་བརྩམས་ཆོས་རྩེ་གྲ་ཞིག་བསྣམས་ནས། པེ་ཅིང་དུ་གཉེར་བའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཞབས་བྲོའི་སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་འགྲེམ་སྟོན་གྱི“ཐའོ་ལི་བུམ་པ(桃李杯)”ཞེས་པའི་བྱེད་སྒོ་སྐབས་བཅུ་གསུམ་པར་ཞུགས་པར། ཁོང་ཚོའི་ཚོགས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡི་ཚན་རྩལ་སློབ་གསོ་སི་ནས་གཟི་བརྗིད་དཔང་ཡིག་གནང་བ་རེད།
མིག་སྔར་ཀུང་སི་དེ་ནི་ཁྲོམ་གཞུང་ཞབས་བྲོའི་སྦྱོང་བརྡར་ལྟེ་གནས་གཙོ་བོར་བྱས་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་བའི་སྟོད་གོས་ནང་འཇམ་མམ་ཚི་ལེན་དང་། ཞྭ་མོ་སོགས་རིག་གནས་བསམ་བཀོད་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གི་ཀུང་སི་ཞིག་ཏུ་གྱུར་ཞིང་། ནམ་རྒྱུན་ཀུང་སིས་གདན་དྲངས་པའི་ཆེད་ལས་ཀྱི་དགེ་རྒན་བཅུ་ལྷག་གི་གཞོགས་འདེགས་འོག ཀུང་སིས་ཁྲོམ་གཞུང་ཞབས་བྲོ་སྣ་ཚོགས་སློབ་ཁྲིད་བྱེད་ཞོར་དུ། བོད་ཀྱི་མཚན་ཚོགས་དང་སྟོན་མོ་དང་འདུ་ཚོགས་ཁག་ཏུ་འཁྲབ་སྟོན་བྱེད་པར་བསྐྱོད་ནས། རྒྱ་ཆེའི་ལྟད་མོ་བའི་སྤྱན་སྔར་ཁྲོམ་གཞུང་ཞབས་བྲོའི་ངོ་མཚར་ཆེ་བའི་བྲོ་ཡི་སྟོན་མོ་གཤོམ་བཞིན་ཡོད་ལ། ཞབས་བྲོའི་སྒྱུ་རྩལ་གང་དེར་སློབ་སྦྱོང་དང་དགའ་ཞེན་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། དེ་ལས་བོད་ཀྱི་མང་ཚོགས་ཀྱིས་དངོས་པོའི་དཔལ་འབྱོར་དོན་གཉེར་བྱེད་པའི་ཞོར་དུ། བསམ་པའི་རིག་གནས་འཚོ་བ་ལའང་དང་དོད་དང་མཐོང་ཆེན་པོ་བྱེད་བཞིན་པ་ཤུགས་སུ་རྟོགས་འོང་།
འབྱུང་འགྱུར་འཆར་གཞི་གང་ཡོད་སྐོར་དྲི་སྐབས། བསྟན་འཛིན་ཕུན་ཚོགས་ཀྱིས་གདེང་ཚོད་ཆེན་པོས། “ང་ཚོས་མུ་མཐུད་དེ་རང་གི་དགའ་བའི་ལས་ལ་སྤྲོ་བས་འཇུག་སྟེ། ཁྲོམ་གཞུང་ཞབས་བྲོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་མཉམ་འདྲེས་བྱེད་གང་ཐུབ་དང་། སློབ་མ་བསྡུ་མང་དུ་བཏང་སྟེ། སློབ་མ་དེ་བས་མང་བར་ཁྲོམ་གཞུང་ཞབས་བྲོ་བསླབས་ནས། ཁོང་ཚོའི་དགའ་ཞེན་སྐྱེད་སྲིང་དང་། ཞབས་བྲོའི་ཀློང་ནས་ཁོང་ཚོས་འཚོ་བ་དང་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་འཕེལ་རོགས་བྱེད་པ། ཁྲོམ་གཞུང་ཞབས་བྲོ་གང་དེར་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་གང་ཐུབ་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་གཞུང་ཞབས་བྲོའི་བརྩམས་ཆོས་དེ་བས་ལེགས་པ་དང་དེ་བས་མང་བ་རྒྱ་ཆེའི་གཟིགས་མོ་བའི་སྤྱན་སྔར་འབུལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་བྱུང་།