རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་ཀྱི་ཡིན།
གུས་པ་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་ཙན་དན་དགོན་ནས་ཡིན་ཞིང་མིང་ལ་ངག་དབང་འཇིགས་བྲལ་ཟེར་བ་དང་། 2010ལོའི་ཟླ་12པར། སོག་རྫོང་ཙན་དན་དགོན་གྱི་ངག་སྤྲུལ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ཁྲི་འདོན་ངོས་འཛིན་གནང་བྱུང་། དེ་རིང་སྐལ་པ་བཟང་པོ་ཞིག་ལ་རང་ཉིད་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚན་ཁག་གི་ཁོངས་མི་ཞིག་ཏུ་གྱུར་པར་དགའ་ཚོར་ཤིན་ཏུ་ཆེན་པོ་བྱུང་ལ། ཕྲག་ཐོག་གི་འགན་འཁྲིའང་ཧ་ཅང་ལྕི་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མེད་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས། དེ་བཞིན་ནག་ཆུ་གྲོང་ཨུད་དང་སོག་རྫོང་རྫོང་ཨུད་བཅས་ཀྱིས་རྒྱུན་དུ་ནས་སློབ་གསོ་དང་གསོ་སྐྱོང་གནང་མེད་ན་དེ་རིང་རང་ཉིད་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚན་ཁག་གི་ཁོངས་མི་ཞིག་ཏུ་གྱུར་མི་སྲིད་པ་གསལ་པོར་ཤེས་ཀྱི་འདུག འདིར་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ཁས་ལེན་དང་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། ནག་ཆུ་གྲོང་ཨུད་དང་སོག་རྫོང་རྫོང་ཨུད་ཀྱིས་ཡུན་རིང་སློབ་གསོ་དང་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱིས་འབྱུང་རང་ཉིད་ནས་གཤམ་གསལ་ཕྱོགས་ཁག་ཐད་ནས་འབད་བརྩོན་བྱེད་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན་ཏེ།
གཅིག་ནས་སྣེ་ཁྲིད་དེ“འདུ་ཤེས་གསུམ”ལག་བསྟར་བྱེད་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ནག་ཆུ་གྲོང་ཨུད་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ། ཆོས་ལུགས་ལས་རྒྱལ་ཁབ་གཙོ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་ཆེ་བ། ཆོས་པ་བྱེད་པར་སྔོན་ལ་སྤྱི་དམངས་བྱེད་དགོས་པ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། དུས་རྒྱུན་དུ“འདུ་ཤེས་གསུམ”ལག་ལེན་གཏིང་ཟབ་བསྟར་ཐོག དགོན་སྡེའི་གྲྭ་བཙུན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།
གཉིས་ནས་སྣེ་ཁྲིད་དེ་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་རྒྱུ་ཡིན། དགོན་སྡེ་བརྟན་ལྷིང་ཡོང་བ་བྱེད་རྒྱུ་དེ་རང་འགན་གཙང་སྒྲུབ་བྱེད་པའི་མཐའ་ཚད་དུ་བརྩིས་ནས་ས་ཡུལ་གང་ཞིག་དང་དུས་ཚོད་གང་ཞིག་ཏུ་ཡིན་རུང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་འབྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དགོན་སྡེའི་གྲྭ་བཙུན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དགོན་སྡེ་བརྟན་ལྷིང་དང་ཆོས་ལུགས་འཆམ་མཐུན་ཡོང་བ་བྱེད་རྒྱུ་ཡིན།
གསུམ་ནས་སྣེ་ཁྲིད་དེ་ཁྲིམས་སྐྱོང་གི་བསམ་གཞིགས་བྱེད་སྟངས་བརྟན་པོ་འཛུགས་རྒྱུ་ཡིན། ཁྲིམས་སྐྱོང་གི་བསམ་གཞིགས་བྱེད་སྟངས་བརྟན་པོ་བཙུགས་ཏེ། རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས། རང་གིས་རང་ལ་སློབ་གསོ་དང་རང་གཅུན་རང་འདོམས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་ཨུད་ལ་གཞོགས་འདེགས་ཧུར་ཐག་ཞུས་ནས་ལས་ཀའི་བླང་བྱ་ཁག་དོན་འཁྱོལ་བྱེད་པ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་གཅེས་རྒྱལ་གཅེས་དང་ཁྲིམས་སྲུང་སྒྲིག་བཀུར་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། བཅའ་ཁྲིམས་གོང་དུ་བཀུར་བའི་འདུ་ཤེས་འཛུགས་པ་བཅས་བྱས་ནས། ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་བཅའ་ཁྲིམས་ཀྱིས་ཆོག་པའི་ཁྱབ་ཁོངས་ནང་སྤེལ་རྒྱུའི་འགན་ལེན་བྱེད་རྒྱུ་ཡིན།
བཞི་ནས་སྣེ་ཁྲིད་དེ་འཆད་འགྲེལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ནང་གི་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་ལ་དུས་རབས་ཡར་ཐོན་དང་འཚམ་པའི་མཐུན་རྐྱེན་སྔོག་འདོན་ཧུར་ཐག་དང་གནོད་རྐྱེན་རིང་དུ་དོར་ནས་བོད་བརྒྱུད་ནང་བསྟན་ལ་གོ་བདེ་ཞིང་རྟོགས་སླ་བའི་འཆད་འགྲེལ་བྱེད་རྒྱུ་ཡིན། ལྷག་པར་དུ་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཆོས་འཆད་སྐབས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཡང་དག་རང་བཞིན། ཀྲུང་ཧྭ་མི་རིགས་ཀྱི་འཆམ་མཐུན་རང་བཞིན་བཅས་དྲིལ་བསྒྲགས་བྱས་ཏེ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་ད་ལྟའི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཡོང་མི་སྲིད་པ་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དེ་བས་ཡོང་ཐབས་མེད་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་རྒྱུ་ཡིན།