དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-07

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ལྔ་བཅུ་ང་དྲུག་གོང་བུ་གཅིག་ཏུ་སྒྲིལ་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། ང་ཚོས་མཉམ་དུ་འབད་འཐབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་དགོས” ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ཡོང་བའི་དེང་རབས་ཅན་ཞིག་ཡིན་པས། མཉམ་དུ་འབྱོར་ཕྱུག་ཡོང་བར“མི་རིགས་གཅིག་ཀྱང་ལུས་མི་རུང”ལ། “ནང་མི་ཚང་མ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ”བྱེད་དགོས་པའི་ནན་བཤད་གནང་ཡོད།

    མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བཅས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། ལོ་རྒྱུས་ཐོག་ས་ཁམས་ཁོར་ཡུག་དང་། ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ། ལོ་རྒྱུས་རིག་གནས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རང་རྒྱལ་གྱི་ས་ཁུལ་དབར་གྱི་ཧེ་བག་གནད་དོན་སྔར་བཞིན་གནས་ཡོད། མི་རིགས་ཁག་ཐུན་མོང་ཐོག་དེང་རབས་ཅན་དུ་སྐྱོད་ཐུབ་ཕྱིར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་དང་རྒྱལ་ཁབ་ཀྱིས“རོགས་རེས”བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གཞི་རྩའི་ཁྱད་ཆོས་ཤིག་ལ་གཏན་འཁེལ་བྱས་ནས“སྔོན་ཐོན་གྱིས་རྗེས་ཐོན་ལ་རོགས་རམ་བྱེད་པའི”རྩ་དོན་ལག་ལེན་བསྟར་ཏེ་མི་རིགས་ས་ཁུལ་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། ལྷག་པར་དུ། ཁ་གཏད་བོད་སྐྱོར་གྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་མཉམ་དུ་སྐྱོད་པའི་འཐབ་ཇུས་དང་ཐབས་ཇུས་གལ་ཆེན་ཞིག་ཡིན།

    ཁ་གཏད་བོད་སྐྱོར་བྱས་ནས་ལོ་30སོང་རིང་། ལས་བྱེད་པ་དང་ཤེས་ལྡན་པ་ཁག་ཐེངས་10ཡི་མི་ཁྲི་1.2ཙམ་བོད་དུ་ལས་ཀ་བྱེད་པར་ཡོང་བ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་642.88བཏང་ནས་རྣམ་གྲངས་ཁག་8204ལག་བསྟར་བྱས་པས། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཆེ་རུ་ཤུགས་ཆེན་ཕྱིན་པ། བོད་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་འབད་འབུངས་བྱས་པས། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་ཕྱིན་པ་དང་། འགྱུར་ལྡོག་ཆེ་ཤོས་བྱུང་བ། མང་ཚོགས་ལ་དངོས་ཕན་མང་ཤོས་ཐོབ་པ་བཅས་ཀྱི་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད། གྲི་གུ་རྩྭ་ཐང་ནས་བྱང་རྩྭ་ཐང་བར་དང་སྐྱིད་ཆུ་ནས་སེང་གེ་ཁ་འབབ་བར། བོད་སྐྱོར་མ་དངུལ་80%ཡན་རྫོང་དང་རྫོང་མན་གྱི་གཞི་རིམ་ལ་བཏང་བ་དང་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས་བོད་སྐྱོར་འདུ་འགོད་རེ་རེ་དང་། དམངས་འཚོའི་རྣམ་གྲངས་རེ་རེ། ཆེད་སྤྱོད་མ་དངུལ་རེ་རེ་བཅས་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཟས་གོས་སྡོད་གསུམ་དང་འགྲོ་སྐྱོད་དང་སྨན་བཅོས་སོགས་ཕྱོགས་གང་ཅིའི་ཐད་ལ་སྒྱུར་བཅོས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ། ཐུན་མོང་ཐོག་དེང་རབས་ཅན་དུ་སྐྱོད་པ་བཅས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི“འགྱུར་མེད་དམིགས་ཚད”ལ་གྱུར་ཡོད། མིག་སྔའི་དར་རྒྱས་ཆེ་བའི་མཉམ་འབྲེལ་དྲ་རྒྱ་དང་། སྟབས་བདེ་བའི་འཕྲིན་གཏོང་དྲ་རྒྱ། ཚགས་དམ་པའི་འགྲིམ་འགྲུལ་དྲ་རྒྱ་བཅས་ལས་འགྲོ་འོང་དང་སྤེལ་རེས་ལ་སྔར་བྱུང་མྱོང་མེད་པའི་སྟབས་བདེ་བསྐྲུན་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱིས་མི་འབོར་འཁོར་སྐྱོད་ལ་སྔར་བྱུང་མྱོང་མེད་པའི་ཁོར་ཡུག་བསྐྲུན་ནས། མི་རིགས་ཁག་གི་རང་འགུལ་དང་། ཀུན་ཁྱབ། རྒྱུན་གཏན་བཅས་ཀྱི་འགྲོ་འོང་སྔར་བས་དམ་ཟབ་ཏུ་འགྲོ་བཞིན་ཡོད། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་ཆེན་སྒྲུབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོར་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། བློ་བརྟན་འགྱུར་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཁ་གཏད་བོད་སྐྱོར་གྱི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། ལས་བྱེད་པའི་བོད་སྐྱོར་དང་། དཔལ་འབྱོར་གྱི་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། ལག་རྩལ་གྱི་བོད་སྐྱོར། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བཅས་ཟབ་ཏུ་གཏོང་བ། ཐོན་ལས་མཉམ་ལས་དང་། ཐོན་ཁུངས་གསབ་རེས། ངལ་ནུས་སྦྲེལ་མཐུད། ཤེས་ལྡན་པ་སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་པ། ཚང་མར་ཁྱབ་པ་དང་། ཁྱབ་ཁོངས་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་ཧུར་ཐག་སྣོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།