དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞི་ཅིན་ཕིང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-07

    འདི་ནི་ཟླ་9ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་ནས་འགོ་བརྗོད་དུ《ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས》ཞེས་འཁོད་པའི་གཙོ་དོན་གསུང་བཤད་གནང་བ།

    ཟླ་9ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་ནས་གཙོ་དོན་གསུང་བཤད་གནང་ཞིང་། འདི་ནི་འགོ་ཚུགས་མཛད་སྒོ་མ་འཚོགས་གོང་ཞི་ཅིན་ཕིང་དང་དབུ་ཚོགས་ལ་ཕེབས་པའི་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

    ཟླ་9ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མའི་དབར་གྱི་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་འབྲེལ་བའི་རིམ་ངོས་སུ་རིམ་སྤོར་བྱེད་པ་དང་། ཀྲུང་ཧྥེའི་འབྲེལ་བའི་སྤྱི་ཡོངས་ཀྱི་ངེས་གནས་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱས་ནས་ཀྲུང་ཧྥེ་ཕྱོགས་གཉིས་ལག་གདང་སྦྲེལ་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་51དང་། དེ་བཞིན་ཙུང་ཐུང་གི་འཐུས་མི་2 ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བཅས་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    《ཞི་བདེ། ལས་དབང་གཅིག་མཐུན་ཚོགས་པའི》རོལ་དབྱངས་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་ཚོགས་རར་ཕེབས་ནས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ་རེད།

    ཞི་ཅིན་ཕིང་གིས་འགོ་བརྗོད་དུ《ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་དབུ་ཚོགས་ལ་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འབྲས་བཟང་སྨིན་པའི་དུས་ཚིགས་འདིར་གྲོགས་པོ་གསར་རྙིང་རྣམས་དང་ལྷན་དུ་པེ་ཅིང་དུ་འཛོམས་ནས་དུས་རབས་གསར་པའི་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་ཧྥེའི་མཛའ་གྲོགས་ནི་ཡུལ་དུས་ལས་བརྒལ་བ་དང་། རི་མཚོ་ལས་བརྒལ་བ། གཅིག་རྒྱུན་གཅིག་འཛིན་བཅས་བྱས་པ་ཞིག་ཡིན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་24སོང་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཅེན་གཅུང་མིང་སྲིང་ལྟ་བུའི་རྒྱལ་ཁབ་ཚོས་ཟོལ་མེད་རྣམ་དག་གི་འདུ་ཤེས་བཅངས་ཏེ་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་དཔུང་པ་མཉམ་གཤིབ་དང་ལག་གདང་སྦྲེལ་ནས་ཕན་ཚུན་གྱི་ལུགས་མཐུན་ཁེ་དབང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱིས་ཀྲུང་ཧྥེའི་མི་སེར་དུང་ཕྱུར་མང་པོར་ཕན་པ་བཏགས་པ། གནོད་འཚེ་ཆེན་པོ་དང་ནད་ཡམས་ཆེན་པོའི་མདུན་དུ་སྐྱིད་སྡུག་མཉམ་མྱོང་དང་འབད་འཐབ་ཧུར་ཐག་བྱས་ནས་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་དག་བརྩམས་པ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། ལོ་70ཙམ་རིང་དཀའ་སྤྱད་འབད་འབུངས་བྱས་པ་བརྒྱུད་ཀྲུང་ཧྥེའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཚང་མའི་ཕྱོགས་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་ཀྱི་འབྲེལ་བའི་རིམ་ངོས་སུ་རིམ་སྤོར་བྱེད་པ་དང་ཀྲུང་ཧྥེའི་འབྲེལ་བའི་ཕྱོགས་ཡོངས་ཀྱི་ངེས་གནས་དེ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་བཙན་འཕྲོག་བྱེད་ཐབས་མེད་པའི་དབང་ཆ་ཞིག་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཨ་ཧྥེ་རི་ཁས་ཀྱང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》ནང་འཁོད་པའི་དེང་རབས་ཅན་གྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་དོན་གཉེར་བྱས་ཚེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དེང་རབས་ཅན་གྱི་ཚ་རླབས་ཤིག་འཕྱུར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་རྐྱང་ཞིག་རྩོམ་ཐུབ་ངེས་རེད།

    ཞི་ཅིན་ཕིང་གིས་ཀྲུང་ཧྥེ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས“དེང་རབས་ཅན་དྲུག”ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་སྟེ།

    —— ལག་གདང་སྦྲེལ་ནས་དྲང་གཞག་ལུགས་མཐུན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ཡང་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དེང་རབས་ཅན་གྱི་སྤྱིར་བཏང་ཆོས་ཉིད་གཞིར་འཛིན་དགོས་ལ་རང་རྒྱལ་ཁབ་ཀྱི་དོན་དངོས་དང་ཡང་མཐུན་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་གོ་སྐབས་འདྲ་མཉམ་ཡོང་བའི་འགན་ལེན་བྱེད་འདོད་ཡོད།

    —— ལག་གདང་སྦྲེལ་ནས་སྒོ་དབྱེ་གཉིས་ཕན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ཡང་གཉིས་ཕན་མཉམ་ལས་ནི་རྒྱལ་ཁབ་ཁག་གི་ཕུགས་དང་རྩ་བའི་ཁེ་ཕན་དང་འཚམ་པའི་འགྲོ་ལམ་ཡངས་མོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་བཟོ་ལས་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། ཚོང་དོན་མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཚད་ཤིང་བཙུགས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་དཔེ་མཚོན་ཐུན་མོང་ཐོག་གཏོད་འདོད་ཡོད།

    —— ལག་གདང་སྦྲེལ་ནས་མི་དམངས་གོང་དུ་བཀུར་བའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ཡང་མིའི་རང་དབང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་དེང་རབས་ཅན་གྱི་མཐའ་མའི་དམིགས་ཡུལ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཤེས་ལྡན་པ་གསོ་སྐྱོང་དང་། དབུལ་པོ་ཉུང་གཏོང་། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་བྱས་ཏེ། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ནས་དེང་རབས་ཅན་གྱིས་མི་དམངས་ཡོངས་ལ་ཕན་པ་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    —— ལག་གདང་སྦྲེལ་ནས་སྣ་མང་བསྟུན་མཁས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ཡང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་དེང་རབས་ཅན་གྱི་བླ་ན་མེད་པའི་དོན་གཉེར་བྱ་ཡུལ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ཤེས་དཔལ་མི་འདྲ་བ་ཕན་ཚུན་བརྩི་འཇོག་དང་བསྟུན་མཁས་མཉམ་གནས་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    —— ལག་གདང་སྦྲེལ་ནས་སྐྱེ་ཁམས་མཐུན་འཕྲོད་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ཡང་ལྗང་མདོག་འཕེལ་རྒྱས་ནི་དུས་རབས་གསར་པའི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར“ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས”འཕེལ་བར་བྱེད་རོགས་བྱེད་པ་དང་། ནུས་རྒྱུའི་ཁྱབ་ནུས་རང་བཞིན་གྱི་ཧེ་བག་ཆུང་དུ་གཏོང་བ། གཅིག་མཐུན་ཡིན་པ་གང་ཞིག་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    —— ལག་གདང་སྦྲེལ་ནས་ཞི་བདེ་བདེ་འཇགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དེ་ཡང་དེང་རབས་ཅན་ནི་ཞི་བདེ་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་ཞི་བདེ་བརྟན་ལྷིང་གི་རང་བརྟེན་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་རོགས་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཨ་ཧྥེ་རི་ཁར་སྔོན་ལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་སྒུལ་བཟང་པོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁས་འཛམ་གླིང་གི་མི་འབོར་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད། ཀྲུང་ཧྥེའི་དེང་རབས་ཅན་མེད་ཚེ་འཛམ་གླིང་དེང་རབས་ཅན་ཡོད་མི་སྲིད། འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྥེའི་མཉམ་ལས་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་ལ་སྣེ་ཁྲིད་བྱེད་འདོད་ཡོད།

    དང་པོ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལས་སྟེགས་བཏོད་ཏེ། ཀྲུང་ཧྥེའི་འཕེལ་རྒྱས་ཀྱི་ཤེས་བྱའི་དྲ་རྒྱ་དང་ཀྲུང་ཧྥེའི་ཞིབ་འཇུག་ལྟེ་གནས་25བཙུགས་ནས་ཨ་ཧྥེ་རི་ཁའི་སྲིད་ཏང་མི་སྣ་1000ཀྲུང་གོར་སྤེལ་རེས་བྱེད་པར་གདན་དྲངས་འདོད་ཡོད།

    གཉིས་པ། ཚོང་དོན་དར་རྒྱས་ཀྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་རྐྱང་པ་ནས་ཁྲོམ་རའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་33ཚུད་པའི་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་ཆུང་ཤོས་རྒྱལ་ཁབ་ཀྱི་100%ཡི་དཔྱ་ཁྲལ་རྣམ་གྲངས་ཐོན་རྫས་ལ་སྒོ་ཁྲལ་མེད་པའི་ཐོབ་ཐང་སྤྲོད་རྒྱུའི་གཏན་འབེབས་བྱས་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་ཨ་ཧྥེ་རི་ཁའི་གོ་སྐབས་ཆེ་ཤོས་སུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད། ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྱི་འཇུག་འཐུས་རྒྱ་ཆེར་གཏོང་བ་དང་། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས“ཀྲུང་ཧྥེའི་སྤུས་ཚད་མཐོར་གཏོང་གི་འཆར་གཞི”ལག་ལེན་བསྟར་གྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཚོང་པ་དང་མཉམ་དུ་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཐུན་མོང་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ་ཀྲུང་ཧྥེའི་ཚོང་དོན་མ་འཇོག་ལ་ཡུན་རིང་དང་། བརྟན་ལྷིང་། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཀྱི་འགན་ལེན་བྱེད་འདོད་ཡོད།

    གསུམ་པ། ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཐོན་ལས་མཉམ་ལས་ཀྱི་འཕར་སྣོན་འཁོར་རྒྱ་བཏོད་དེ་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་གཏིང་ཟབ་མཉམ་ལས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་བཙུགས་ནས“ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་གི་ནུས་སྐྱེད་འཆར་གཞི”ལག་ལེན་བསྟར་འདོད་ཡོད། ཀྲུང་ཧྥེའི་གྲངས་འཛིན་ལག་རྩལ་མཉམ་ལས་ལྟེ་གནས་མཉམ་སྐྲུན་དང་གྲངས་འཛིན་དཔེ་སྟོན་རྣམ་གྲངས་20བསྐྲུན་རྒྱུ་ཡིན།

    བཞི་པ། མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་རྨང་གཞིའི་སྒྲིག་བཀོད་ཀྱི་སྦྲེལ་མཐུད་རྣམ་གྲངས་30ལག་བསྟར་བྱེད་པ་དང་། ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྐམ་མཚོ་མཉམ་སྒུལ་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཀྲུང་ཧྥེའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་གཏོད་འདོད་ཡོད། ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུར་རོགས་རམ་བྱ་ཆེད། ཟོག་འགྲེམས་དང་དངུལ་རྩའི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཨ་ཧྥེ་རི་ཁའི་ས་ཁོངས་སྒྲོལ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན།

    ལྔ་པ། འཕེལ་རྒྱས་མཉམ་ལས་ཀྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་ནང་མཉམ་ལས་ཟབ་གཏོང་གི་མཉམ་འབྲེལ་གསལ་བསྒྲགས་ཐུན་མོང་ཐོག་སྤེལ་ཏེ། དམངས་འཚོའི་རྣམ་གྲངས་ཆུང་གྲས་100ལག་ལེན་བསྟར་འདོད་ཡོད། ཀྲུང་གོ་དང་འཛམ་གླིང་དངུལ་ཁང་གི་རོགས་ཟླའི་འབྲེལ་བའི་ཐེབས་རྩར་མ་དངུལ་གཏོང་རྒྱུ་ཡིན། 2026ལོའི་དབྱར་དུས་ཀྱི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་དང་2027ལོའི་ཨ་ཧྥེ་རི་ཁའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཀྲུང་ཧྥེའི་མི་དམངས་ལ་དེ་བས་ཡག་པའི་སྒོ་ནས་ཕན་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

    དྲུག་པ། འཕྲོད་བསྟེན་བདེ་ཐང་གི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་སྨན་ཁང་གི་མནའ་འབྲེལ་འཛུགས་པ་དང་མཉམ་འབྲེལ་གསོ་རིག་ལྟེ་གནས་མཉམ་སྐྲུན་བྱེད་འདོད་ཡོད། ཨ་ཧྥེ་རི་ཁར་སྨན་བཅོས་རུ་མི་2000གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དང་ནད་ཡམས་འགོག་བཅོས་ཀྱི་རྣམ་གྲངས་20ལག་ལེན་བསྟར་བ། ཀྲུང་གོའི་ཁེ་ལས་ཀྱིས་སྨན་རྫས་ཐོན་སྐྱེད་ལ་མ་འཇོག་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨ་ཧྥེ་རི་ཁར་ཐོན་པའི་རིམས་ནད་འགོག་བཅོས་ལ་མུ་མཐུད་རོགས་རམ་གང་ཐུབ་བྱེད་ཀྱི་ཡིན། ཨ་ཧྥེ་རི་ཁའི་རིམས་འགོག་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྤྱི་པའི་འཕྲོད་བསྟེན་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན།

    བདུན་པ། ཞིང་དར་དམངས་ཕན་གྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་མི་དམངས་ཤོག་སྒོར་དུང་ཕྱུར་10ཡི་འཕྲལ་མཁོའི་འབྲུ་རིགས་ཀྱི་རོགས་སྐྱོར་བྱེད་པ་དང་། མུའུ་ཁྲི་10ཟིན་པའི་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་པ། ཞིང་ལས་ཆེད་ལས་མཁས་ཅན་500གཏོང་བ་བཅས་བྱས་ནས་ཀྲུང་ཧྥེའི་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་བསྐྲུན་རྒྱུ་ཡིན། སྤྱི་ཕན་རྣམ་གྲངས་500ལག་ལེན་བསྟར་རྒྱུ་དང་ཀྲུང་ཧྥེའི་ཁེ་ལས“ཕྱོགས་གཉིས་ཀར་བསྐྱོད་ནས”མ་འཇོག་ལས་གཏོད་བྱེད་པར་སྐུལ་ལྕག་བཏང་སྟེ་ཨ་ཧྥེ་རི་ཁར་ལས་ཞུགས་ཀྱི་ལས་གནས་ཁྲི་100ལས་མི་ཉུང་བ་གཏོད་རྒྱུ་ཡིན།

    བརྒྱད་པ། མི་ཆོས་རིག་གནས་སྤེལ་རེས་ཀྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ“འབྱུང་འགྱུར་གྱི་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི”འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བཟོ་སྐྲུན་ལག་རྩལ་སློབ་གླིང་མཉམ་སྐྲུན་བྱས་ནས“ལུའུ་པན་བཟོ་ཁང”10བསྐྲུན་འདོད་ཡོད། ཨ་ཧྥེ་རི་ཁའི་བུད་མེད་དང་གཞོན་ནུར་གཙོ་གནད་ཐོག་ཕྱོགས་ནས་ཞིབ་སྦྱོང་མིང་བསྐལ་ཁྲི་6མཁོ་འདོན་བྱ་རྒྱུ་དང་། ཀྲུང་ཧྥེའི“རིག་གནས་ཀྱི་དར་གོས་ལམ་བུའི”འཆར་གཞི་དང“རླུང་འཕྲིན་བརྙན་འཕྲིན་ལྟ་ཉན་གསར་གཏོད་མཉམ་ལས་ཀྱི་འཆར་གཞི”ཐུན་མོང་ཐོག་ལག་ལེན་བསྟར་རྒྱུ། 2026ལོ་དེ“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོར”གཏན་འཁེལ་བྱ་རྒྱུ་བཅས་ཡིན།

    དགུ་པ། ལྗང་མདོག་འཕེལ་རྒྱས་ཀྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་ནུས་རྒྱུ་གཙང་མའི་རྣམ་གྲངས་30ལག་བསྟར་བྱེད་པ་དང་། གནམ་གཤིས་ཀྱི་དུས་འགོའི་སྔོན་བརྡ་གཏོང་བའི་ལས་སྒོའི་ལས་སྟེགས་འཛུགས་པ། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་གི་མཉམ་ལས་བྱེད་འདོད་ཡོད། ཀྲུང་ཧྥེའི་ཉིང་རྡུལ་ལག་རྩལ་ཞི་བདེའི་ངང་སྤྱོད་པའི་གླེང་སྟེགས་བཙུགས་ཏེ། སྲུང་སྐར་རྒྱང་ཚོར་དང་། ཟླ་བའི་གོ་ལ། དགུང་དབྱིངས་བཅས་ཀྱི་ལྟ་དཔྱད་ཚད་ལེན་གྱི་མཉམ་ལས་བྱས་ནས་ཨ་ཧྥེ་རི་ཁར་ལྗང་མདོག་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན།

    བཅུ་པ། བདེ་འཇགས་མཉམ་སྐྲུན་གྱི་རོགས་ཟླའི་བྱ་སྤྱོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་གྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ། ཨ་ཧྥེ་རི་ཁ་ཕྱོགས་ལ་དམག་དཔུང་གི་ཤེས་ལྡན་པ་6000དང་ཉེན་དོན་ཁྲིམས་སྒྱུར་མི་སྣ་1000གསོ་སྦྱོང་དང་། གཞོན་ནུ་དམག་དཔོན་500ཀྲུང་གོར་འཚམས་འདྲིར་གདན་ཞུ་བྱེད་འདོད་ཡོད། ཀྲུང་ཧྥེའི་དམག་དཔུང་གི་མཉམ་འབྲེལ་སྦྱོང་བརྡར་དང་། མཉམ་འབྲེལ་མཚོ་སྐོར་བྱེད་པ་དང་། “ཨ་ཧྥེ་རི་ཁའི་འབར་མདེལ་གྱི་མངོན་མེད་རྐྱེན་ངན་སེལ་བའི་བྱ་སྤྱོད”ལག་ལེན་བསྟར་ནས་མི་སྣ་དང་རྣམ་གྲངས་ཀྱི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན།

    “རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ལག་བསྟར་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་སྲིད་གཞུང་གིས་ཀྲུང་ཧྥེའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་འདོད་ཡོད།

    མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དེས་ཀྲུང་གོར་འགྱུར་ལྡོག་དེ་བས་གཏིང་ཟབ་འགྲོ་རྒྱུ་རེད་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་ཧྥེས་དེང་རབས་ཅན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་གོ་སྐབས་གསར་པ་མཁོ་འདོན་དང་སྒུལ་ནུས་གསར་པ་སྣོན་ངེས་རེད། ཨ་ཧྥེ་རི་ཁར“ཁ་ཕྱོགས་གཅིག་མཐུན་གྱི་མི་ནི་གྲོགས་པོ་བློས་ཐུབ་རེད”ཅེས་པའི་གཏམ་དཔེ་ཞིག་ཡོད་པས། དེང་རབས་ཅན་གྱི་ལམ་བུའི་ཐོག་གཅིག་ཀྱང་ཉུང་མི་རུང་ལ། རྒྱལ་ཁབ་གཅིག་ཀྱང་ལུས་མི་རུང་། ང་ཚོས་ཀྲུང་ཧྥེའི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཏེ་དེང་རབས་ཅན་གྱི་རྒྱང་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཀྲུང་ཧྥེའི་དེང་རབས་ཅན་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་ལ་རམ་འདེགས་བྱེད་པ་དང་། མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལེའུ་གསར་རྐྱང་ཞིག་བརྩམས་ནས་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཕྱོགས་སུ་བསྐྱོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙེ་ཝ་ཉི། ཨ་ཧྥེ་རི་ཁའི་ས་ཁོངས་ཕལ་པའི་འཐུས་མི་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ། ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ། ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ། ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་བཅས་དང་དེ་བཞིན་དབུ་ཚོགས་ཀྱི་དམིགས་བསལ་གདན་ཞུས་སྐུ་མགྲོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥ་ཅིས་ཀྱང་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་པ་རེད།

    ཨ་ཧྥེ་རི་ཁའི་ཕྱོགས་ཀྱི་འགོ་ཁྲིད་མི་སྣས་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གཙོ་གཉེར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཧྥེ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ཚུན་དང་ལྷག་པར་དུ་2018ལོའི་པེ་ཅིང་དབུ་ཚོགས་འཚོགས་ཚུན་ཐོབ་པའི་གྲུབ་འབྲས་ཆེན་པོར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་རེད།

    དབུ་ཚོགས་ཐོག《དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུའི་སྐོར་གྱི་པེ་ཅིང་བསྒྲགས་གཏམ》དང《ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས-པེ་ཅིང་གི་བྱ་སྤྱོད་འཆར་གཞི(2025-2027)》ལ་གྲོས་འཆམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།