དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-06

    ཟླ་9ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་སེམས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་ཐུག་འཕྲད་ཐེངས་མང་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་སྣེ་ཁྲིད་བྱས་པས་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བ་མདུན་ལམ་ཆེན་པོ་ཡོད་པའི་དུས་སྐབས་གསར་པར་སླེབས་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་མོ་ཙམ་པི་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་གྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ནང་དོན་གསར་པ་སྣོན་པའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་ཆོད་སེམས་མངོན་ཡོད། དེས་ཀྲུང་མོ་རྒྱལ་ཁབ་གཉིས་པོས་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བར་གོ་སྐབས་གསར་པ་མཁོ་འདོན་བྱེད་རྒྱུ་རེད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡིད་ཆེས་བྱེད་པའི་སྤུན་ཟླ་བཟང་པོ་དང་། གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ། ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་རོགས་ལས་བྱེད་པའི་གྲོགས་པོ་བཟང་པོ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གཏེར་རྫས། ཞིང་ལས། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་མོ་ཙམ་པི་ཁེའི་བཟོ་ལས་ཅན་དང་དཔལ་འབྱོར་སྣ་མང་ཅན་ལ་རོགས་རམ་བྱེད་འདོད་ཡོད།

    ཉིའུ་ཤིས་ཀྱིས་གསུངས་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གུང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཀྱི་འཐབ་ཇུས་བཀོད་སྒྲིག་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་མོ་དང་དགོངས་པ་ཟབ་མོ་གང་ལེགས་མངོན་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ཏེ་ཐའེ་དབན་དང་ལྷོ་རྒྱ་མཚོ་སོགས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། ཀྲུང་གོ་ཕྱོགས་ཀྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱེད་པར་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། མཉམ་སྦྲེལ་མཉམ་མཐུད། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལེགས་སུ་གཏོང་བར་བཏོན་གནང་བའི་དགོངས་ཚུལ་གལ་ཆེན་ལ་མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་གྲོས་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཐེངས་འདིའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།