དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཁག་གཅིག་དང་སོ་སོར་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་སེ་ནེ་ཀལ་ནི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུའི་ཐོག་གི་གྲོགས་པོ་དང་རོགས་ཟླ་ཡིན། ལོ་མང་རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་གྲོགས་དང་། འདྲ་མཉམ་བརྩི་བཀུར། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མཉམ་ལས་བྱས་པར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མཉམ་དུ་རང་ངོས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་སྟེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་མུ་མཐུད་མངགས་ནས་སེ་ནེ་ཀལ་ཕྱོགས་ཀྱིས་བཟོ་ལས་གླིང་སྐྲུན་པར་རྒྱབ་སྐྱོར་དང་ནུས་རྒྱུ་གསར་པ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་སེ་ནེ་ཀལ་ཕྱོགས་ཀྱི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་ཀྱི་ཡིན། རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་ཀྲུང་གོ་དང་སེ་ནེ་ཀལ་གྱི་ལངས་ཕྱོགས་འདྲ་མཚུངས་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ལྷོ་ལྷོ་མཉམ་ལས་ཀྱི“གསེར་གྱི་བྱང་བུ”ཞིག་ཡིན་པ་དང་། རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པར་སྣེ་ཁྲིད་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་སེས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་ལོ་6སོང་རིང་ཀྲུང་ཧྥེ་ཕྱོགས་གཉིས་པོས་ཏོག་གསར་རིམས་ནད་སོགས་ཀྱི་དཀའ་གནད་ཁྱད་བསད་དང་སྐབས་གོང་མ་གཉིས་ཀྱི་གླེང་སྟེགས་ཀྱི་ཚོགས་འདུའི་ཐོག་བཏོན་པའི“བྱ་སྤྱོད་ཆེན་པོ་བརྒྱད”དང“འདུ་འགོད་དགུ”བདེ་བླག་ངང་ལེགས་སྒྲུབ་བྱས་ནས་ཀྲུང་ཧྥེའི་འབྲེལ་བ་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། གླེང་སྟེགས་སྐབས་བཞི་པའི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་སེ་ནེ་ཀལ་གྱིས་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་ད་ཐེངས་ཀྱི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་སྣེ་ཁྲིད་བྱེད་པ་དང་ལག་གདང་སྦྲེལ་ནས་ཀྲུང་ཧྥེའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྥེའི་འབྲེལ་བའི་རྒྱང་ལམ་གསར་པ་གཏོད་འདོད་ཡོད།

    ཧྥ་ཡེ་ཡིས་གསུངས་དོན། ང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་བྱེད་ཐེངས་དང་པོ་དེ་ཡིན་ལ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་སུ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་གཟབ་རྒྱས་གནང་བས་ང་ཚོས་ཀྲུང་གོའི་མཛེས་སྡུག་དང་མཛའ་གྲོགས་ཟབ་མོ་ཚོར་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སེ་ཀྲུང་དབར་2016ལོ་ནས་བཟུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། སེ་ཀྲུང་མཉམ་ལས་ཐད་གྲུབ་འབྲས་ཐོབ་པའི་རྣམ་གྲངས་མང་པོ་ལག་བསྟར་བྱས་པས་སེ་ནེ་ཀལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་མ་ཐེབས་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ཅན་ལ་འགྱུར་བར་ངོ་རྒོལ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སེ་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་བ་དང་ཀྲུང་གོ་ཕྱོགས་ཀྱི་ཏང་སྐྱོང་རྒྱལ་སྐྱོང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཞིང་ལས་དང་། བཟོ་ལས། གྲངས་འཛིན་ཅན། ལས་རིགས་གསོ་སྦྱོང་། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སེ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་ཆུ་ཚད་མཐོ་པོར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་པ་དང་འཕེལ་རྒྱས་གཏོང་བ་དེ་མཛའ་གྲོགས་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག མཐུན་སྒྲིལ་མཉམ་ལས། དངོས་སྒྲུབ་ནུས་ཆེ་བཅས་ཀྱི་རྨང་གཞིར་བྱས་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ཀྲུང་ཧྥེའི་མི་དམངས་ཀྱིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་པ་ཞིག་ཡིན་པས། ཀྲུང་ཧྥེའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནུས་ལྡན་ཞིག་ཏུ་གྱུར་པ་མ་ཟད། ལྷོ་ལྷོ་མཉམ་ལས་ཀྱི་དར་ཆ་ཞིག་ཏུའང་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཐེངས་དབུ་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སི་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་མཉམ་དུ་མཐའ་གཅིག་ཏུ་ལངས་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ཁུངས་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། དཔལ་འབྱོར་དང་དམངས་འཚོའི་རྣམ་གྲངས་ལག་ལེན་ཡག་པོ་བསྟར་བ་བཅས་བྱས་ནས་དམངས་ཚོགས་ཀྱི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས་ཨ་ཧྥེ་རི་ཁ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

    པི་ཨའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་གཟབ་རྒྱས་ཞུས་པས། སི་ར་ལ་ཨོང་ཕྱོགས་ཀྱི་འཐུས་མི་ཚོགས་པ་རང་ཁྱིམ་དུ་ལོག་པ་ལྟ་བུའི་ཚོར་སྣང་བྱུང་བས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད། པི་ཨའོ་ཡིས་སི་ཀྲུང་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཡོད། ངས་དེ་གོང་ཀྲུང་གོར་འཚམས་འདྲི་བྱས་ཚུན་ཕྱོགས་གཉིས་པོའི་མཉམ་ལས་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཞིང་ལས་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་ནི་གྲོགས་པོ་ཡག་ཤོས་ཡིན། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས། མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་བཅས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཐིག་དམར་ཀུའི་ནེ་ཡ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། འགོག་སྲུང་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་བ། ཐིག་དམར་ཀུའི་ནེ་ཡའི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པ། རང་སོ་སོའི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལམ་བུར་ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་མདུན་ལམ་གསར་པ་གཏོད་འདོད་ཡོད།

    ཨའོ་པི་ཨང་གིས་གསུངས་དོན། ང་པེ་ཅིང་དུ་འབྱོར་མ་ཐག་ཀྲུང་གོ་མི་དམངས་ཀྱིས་ཐིག་དམར་ཀུའི་ནེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་བཅངས་པ་ཚོར་བྱུང་། ད་ཐེངས་དབུ་ཚོགས་ཀྱི་སྒྲིག་འཛུགས་ལས་དོན་ཚགས་ཚུད་ཡིན་པ་དང་བརྗོད་དོན་གཙོ་བོའི་ཇུས་འགོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་དོན་གཉེར་བྱེད་པའི་ཕུགས་འདུན་དང་མཐུན་ཡོད་པས་ཐུགས་གྲ་ལེགས་འགྲིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། ཐིག་དམར་ཀུའི་ནེ་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་མཛའ་གྲོགས་ཟབ་མོ་དང་ཚད་མཐོའི་ཕན་ཚུན་ཡིད་ཆེས་རྨང་གཞིར་བྱས་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་དང་མཉམ་ལས་ཀྱིས་ཐིག་དམར་ཀུའི་ནེ་ཡའི་རྣམ་པ་གསར་རྐྱང་དུ་འགྱུར་རོགས་བྱས་པ་མ་ཟད། ཀྲུང་གོས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐིག་དམར་ཀུའི་ནེ་ཡ་ཡིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀྱི་ཕྱོགས་མང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད། ཐིག་དམར་ཀུའི་ནེ་ཡ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ཀྲུང་ཐན་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་ཀྱིས་མི་རིགས་བཅིངས་འགྲོལ་བརྩོན་ལེན་གྱི་འཐབ་རྩོད་བྱེད་རིང་གི་སྐྱིད་སྡུག་མཉམ་མྱོང་ཁྲོད་རྩ་བ་ཚུགས་པ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་དར་རྒྱས་དོན་གཉེར་བྱེད་པའི་ལམ་བུའི་ཐོག་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་བྱས་པ་ལས་འཕེལ་རྒྱས་བྱུང་བ། དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་པ་ལས་སྟོབས་ཆེར་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཀྲུང་ཐན་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཐན་གྱི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ལ། ཀྲུང་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་འདོད་ཀྱང་ཡོད། ཕྱོགས་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་དང་གཉིས་ཕན་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་གོ་སྐབས་སུ་བྱས་ཏེ། ཐན་ཙན་ཉི་ཡ་དང་ཙན་པི་ཡའི་ལྕགས་ལམ་ཡང་བསྐྱར་སྤྱོད་པར་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཨ་ཧྥེ་རི་ཁ་ཤར་རྒྱུད་ཀྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་དྲ་བ་མཉམ་ལས་ཀྱིས་འཐུས་སྒོ་ཚང་དུ་བཏང་ནས། ཐན་ཙན་ནི་ཡ་དེ་ཉིད་ཀྲུང་ཧྥེའི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་ལམ་གཏིང་ཟབ་ཏུ་གཏོང་བའི་མཉམ་ལས་དཔེ་སྟོན་ཁུལ་དུ་གཏོད་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐན་ཙན་ནི་ཡ་ནི་དུས་རབས་གསར་པར་ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་དར་སྤེལ་གཏོང་ཡུལ་དང་པོ་ཡིན། 2013ལོར་ངས་ཐན་ཙན་ནི་ཡར་ཨ་ཧྥེ་རི་ཁར་དྲང་བདེན་ཟོལ་མེད་འཛིན་པའི་སྲིད་ཇུས་འདུ་ཤེས་བཏོན་པ་ཡིན། འདི་ལོའི་ཟླ་3པར་ཀྲུང་ཧྥེའི་མཁས་དབང་གིས་ཐན་ཙན་ནི་ཡར“ཀྲུང་ཧྥེའི་ཏ་ལེ་སི་ས་ལ་མུའུ་ཡི་ཐུན་མོང་ངོས་འཛིན”ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོ་ལམ་དང་འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་མངོན་ཡོད། ཀྲུང་ཐན་གྱི་འབྲེལ་བ་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པས་འདུ་ཤེས་ཀྱི་རིན་ཐང་དང་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཀྲུང་ཐན་འབྲེལ་བ་དེ་ཀྲུང་ཧྥེའི་འབྲེལ་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་བཏོད་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

    ཧ་སང་གིས་གསུངས་དོན། 2022ལོར་ཀྲུང་གོར་འཚམས་འདྲིར་བྱས་པའི་གནས་ཚུལ་ངས་ད་ལྟའང་བློ་ལ་དྲན་གྱི་འདུག ད་ཐེངས་སླར་ཡང་ཀྲུང་གོར་ཡོང་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ད་བར་དུ་དབུ་ཚོགས་རིམ་བྱུང་གི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་འབྲེལ་ཡོད་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ད་ཐེངས་ཀྱི་པེ་ཅིང་དབུ་ཚོགས་ཀྱིས་ཧྥེ་ཀྲུང་གི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས་ཨ་ཧྥེ་རི་ཁ་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ནི་ཐན་ཙན་ནི་ཡའི་བློས་འགེལ་ཆོག་པ་དང་མེད་དུ་མི་རུང་བའི་མཉམ་ལས་རོགས་ཟླ་ཡིན།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མཱ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་གོ་དང་ཙན་པི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་སྐུ་ངོ་མས་བཏོད་པའི་ཀྲུང་གོ་དང་ཙན་པི་ཡའི་མཛའ་གྲོགས་ལ་ལོ་ཟླའི་ཉམས་སད་ཐེག་ནས་ཐོག་མའི་སེམས་འདུན་སྔར་བཞིན་བརྟན་པ་དང་ཆབས་ཅིག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ན་ནིང་ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ལོ་གཅིག་གི་རིང་། རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ་ཀྲུང་གོ་དང་ཙན་པི་ཡའི་དཔལ་འབྱོར་ཚོང་དོན་ལོ་དང་། རིག་གནས་དང་ཡུལ་སྐོར་ལོའི་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཕྱོགས་གཉིས་པོས་ཐེངས་འདིའི་དབུ་ཚོགས་གོ་སྐབས་སུ་བཟུང་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཙན་པི་ཡའི་མཛའ་གྲོགས་འབྲེལ་བའི་རབ་བྱུང་གསར་པའི་འགོ་ཡག་པོ་འཛུགས་པ་དང་ལེའུ་གསར་པ་རྩོམ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་རིམ་པ་ཁག་གི་འགྲོ་འོང་མུ་མཐུད་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་ཁེ་ལས་དེ་བས་མང་བ་ཙན་པི་ཡའི་ནུས་རྒྱུ་གསར་པ་དང་། ཆུའི་ཐོན་ཁུངས་གསར་སྤེལ། གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཧུར་ཐག་ཞུགས་པར་བསྔགས་སྐུལ་བྱས་ཏེ། ཙན་པི་ཡ་དང་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱེད་འདོད་ཡོད།

    ཤིས་ཆི་ལའེ་མཱ་ཡིས་གསུངས་དོན། ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་རིང་། ཚང་མས་སྤྲོ་སེམས་འཁོལ་ཞིང་མཛའ་འབྲེལ་ཟབ་མོས་སྣེ་ལེན་ཞུས་བྱུང་ལ་ཕན་ཡོད་ཀྱི་ཉམས་མྱོང་མང་པོ་ཡང་ཐོབ་བྱུང་། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་བརྩི་འཇོག་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད། ང་རང་ན་ནིང་ཀྲུང་གོར་འཚམས་འདྲིར་ཡོང་ཚུན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སླར་ཡང་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། ད་གིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཐན་ཙན་ཉི་ཡ་དང་ཙན་པི་ཡའི་ལྕགས་ལམ་ཡང་བསྐྱར་སྤྱོད་འགོ་ཚུགས་པར་དཔང་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱིས་བཏོད་པའི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་བགྲོད་ལམ་གསར་པ་བསྐྲུན་པར་ཧ་ཅང་དགའ་པོ་བྱུང་། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་གི་ཡོད། ཕྱོགས་ཡོངས་ནས་ཀྲུང་གོ་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ཙན་པི་ཡར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བར་འདུམ་མཐུན་འཇུག་ལ་གཞོལ་ནས་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་མངོན་པའི་ཁྱད་དུ་འཕགས་པའི་འགོ་ཁྲིད་བྱེད་ནུས་ལ་ཙན་པི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།