དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་བབ་བསྟུན་མཁས་ཐོན་ལས་སྐྱེད་སྲིང་བྱས། འབབ་འཕར་ཕྱུག་འགྱུར་ལམ་བུ་དེ་བས་ཡངས།

    ཡུལ་བབ་བསྟུན་མཁས་ཐོན་ལས་སྐྱེད་སྲིང་བྱས། འབབ་འཕར་ཕྱུག་འགྱུར་ལམ་བུ་དེ་བས་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-06

    ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ནི་རྒྱལ་ལམ་317དང་318སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་འགག་གནད་ཅིག་ཡིན་ཞིང་། རྣམ་གྲངས་དང་ཐོན་ལས་ཆེ་ཆུང་མི་འདྲ་བ་མང་པོ་འདི་གར་གཞི་ཚུགས་པས་འབྲོག་པ་རྣམས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་འབབ་འཕར་བྱུང་བ་དང་། གྲོང་ཚོའི་མཉམ་ལས་ཁང་བཙུགས་པས་མཉམ་སྡེབ་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ཡོད།

    རྫོང་གྲོང་དང་བར་ཐག་སྤྱི་ལེ་40ལྷག་ཙམ་ཡོད་པའི་ཨ་དབང་ཤང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་ཨ་དབང་ལུག་མུ་ཏིག་བཀྲམ་པ་ལྟར་གནས།

    ཚན་རིག་དང་མཐུན་པའི་སྒོ་ནས་ཨ་དབང་ལུག་རྒྱགས་གསོ་བྱ་ཆེད། 2016ལོའི་ཟླ་7པར་བོད་ཤར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་བདེ་སྐྱིད་གྲོང་ཚོར་བཙུགས་པ་རེད། ཀུང་སིས་ཨ་དབང་ལུག་གསོ་སྤེལ་རྟེན་གཞི་དང་། རྒྱུད་སྲུང་རྟེན་གཞི། བཟའ་བཅའ་ལས་སྣོན་ར་བ། སྐྱེ་ལྡན་ལུད་ལས་སྣོན་ར་བ། གཟན་ཆག་ལས་སྣོན་ཁང་། ཚན་ཞིབ་ཚོད་ལྟ་ཁང་བཅས་དང་དེ་བཞིན་གྲང་ཕྲེང་ཟོག་འགྲེམས་མ་ལག་བཏོད་ནས། ཞིང་འབྲོག་མང་ཚོགས་རྣམས་ཨ་དབང་ལུག་ཚབ་གསོའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    2022ལོར་ཨ་དབང་ཤང་གི་གྲོང་ཚོ་9ལས་གྲུབ་པའི“ཨ་དབང་ལུག་མཉམ་ལས་མཉམ་འབྲེལ་ཁང”དངོས་སུ་བཙུགས་པ་རེད།

    ཨ་དབང་ལུག་མཉམ་ལས་མཉམ་འབྲེལ་ཁང་གིས“ཀུང་སི་དང་། གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་། ཞིང་འབྲོག་དུད་ཚང་བཅས་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་ཐབས་སྤྱད་པ་དང་། ཨ་དབང་ཤང་གི་ཞིང་འབྲོག་མང་ཚོགས་ཀྱིས་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིར་ཨ་དབང་ལུག་ཚབ་གསོ་བྱེད་པ་དང་ཉིན་རེར་ལུག་རེར་སྒོར་1.8ལ་གཞིགས་ནས་རྩིས་རྒྱག་གི་ཡོད། མིག་སྔའི་བར་ཨ་དབང་ཤང་གི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཚབ་གསོའི་དུས་ཡུན་ཉིན་100ཡན་ཟིན་པ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1516ཙམ་བྱུང་ཡོད། ས་གནས་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་དང་མང་ཚོགས་30ལ་ལས་ཞུགས་སྐུལ་ཁྲིད་ཐུབ་ནས་ཀུང་སི་དང་ཞིང་འབྲོག་མང་ཚོགས་ལ་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་བཟང་པོ་ཞིག་དངོས་སུ་བཏོད་ཡོད།

    ད་ལོ་ལོ་48ལ་སླེབས་པའི་དཔལ་ལྡན་ནི་ཨ་དབང་ཤང་གི་སྐད་གྲགས་ཡོད་པའི་གསོ་ཚགས་དུད་ཆེན་ཞིག་ཡིན། ཁོང་གིས་རང་ཁྱིམ་གྱི་འབྲོག་རར་ལུག་མགོ་གྲངས་600ལྷག་ཙམ་གསོས་ཡོད། ཉིན་ལྟར་ལུག་འཚོ་བ་དང་ལུ་གུར་ལྟོ་སྟེར་བ་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀ་ཡིན། ཁོང་གིས“མཉམ་ལས་ཁང་བཙུགས་པ་ནས་བཟུང་། ལུག་འཚོང་བའི་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ད་དུང་ཀུང་སིས་ང་ཚོར་ཁ་གསབ་ཀྱང་སྤྲོད་པས་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།

    ད་ཆ་མཉམ་ལས་ཁང་གིས་དེང་རབས་ཅན་གྱི་རྒྱགས་གསོའི་ལྷས་ར་20བསྐྲུན་པ་དང་ལག་ཡོད་ལུག་བསྡོམས་4000ལྷག་ཙམ་ཡོད་པ་མ་ཟད། གྲངས་འབོར་བརྟན་པོའི་ངང་འཕར་བཞིན་ཡོད་པ་རེད།

    ཨ་དབང་ཤང་ནས་སྤྱི་ལེ་13བསྐྱོད་ན་གོ་འཇོ་རྫོང་ལྷ་ཐོ་ཤང་དུ་སླེབས་ཤིང་། དེ་གར་གནམ་གཤིས་དྲོད་བཤེར་སྙོམས་པ་དང་བོད་ཤར་རྒྱུད་ཀྱི་འདམ་ར་ཡག་ཤོས་ཀྱི་གྲས་ཤིག་ཡིན་པའི“ལྷ་ཐོ་འདམ་ར”ཡོད། འདམ་ར་ཡག་ཤོས་ཕུད། དེ་གར་ད་དུང་རྫོང་ངས་སྐྲུན་བཞིན་ཡོད་པ་རེད།

    གོ་འཇོ་རྫོང་གི་གྲོང་ཚོ་ཨུ་ལྷན་ཁག་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པའི་ཐོག་ནས་ལྷ་ཐོ་འོད་ཤུགས་རྣམ་གྲངས་ཀྱི་མ་རྐང་ནང་ཞུགས་པར་གྲོང་ཚོ་ཨུ་ལྷན་127ལ་ཁྱབ་པ་དང་ལོར་བགོ་འགྲེམས་སྒོར་ཁྲི་250བྱུང་ཡོད། གྲོང་གསེབ་དར་རྒྱས་དང་། ཞིང་ལས་གྲོང་གསེབ། ཆུ་བེད། ནགས་ལས་སོགས་རྨང་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་པ་དང་། འོས་ཐོབ་ལྡན་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་སྐྱེལ་འདྲེན་རུ་ཁག་འཛུགས་སྐྲུན་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་པས། མཉམ་ལས་ཁང་12ལ་ལོ་རེའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་1800ལྷག་ཙམ་དང་མང་ཚོགས་560ལྷག་ཙམ་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    མིག་སྔའི་བར། ལྷ་ཐོ་འོད་ཤུགས་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་399བསྡུས་པར་ལས་ཞུགས་ཡོང་འབབ་སྒོར་ཁྲི་188བྱུང་བ་དང་། ས་ཆའི་ཁ་གསབ་གྲོན་དངུལ་དང་བོགས་དངུལ་སྒོར་ཁྲི་4303ཙམ་སྤྲད་པ། རྒྱུ་ཆའི་གྲོན་དངུལ་དང་། ཁང་པ་བོགས་གཏོང་དངུལ། སྒྲིག་ཆས་སྐྱེལ་འདྲེན་གྲོན་དངུལ། སྒྲིག་ཆས་བོགས་གཏོང་དངུལ་བཅས་སྒོར་ཁྲི་1270ཙམ་སྤྲད་པས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་5573ཙམ་བྱུང་ཡོད། གོ་འཇོ་ལྷ་ཐོ་རྣམ་གྲངས་ཀྱི་གློག་ཤིང་ཚང་མ་བཙུགས་ཟིན་པ་དང་། སྒྲོམ་སྟེགས་73%ལེགས་གྲུབ་ཟིན་པ། ལྷུ་ལག་44%ལེགས་གྲུབ་ཟིན་པ། གློག་འདུས་སྐུད་ལམ་སོགས་གོ་རིམ་ལྡན་པའི་སྒོ་ནས་ཁྲིད་བཞིན་ཡོད། ལྷ་ཐོ་འོད་ཤུགས་རྣམ་གྲངས་2025ལོའི་ལོ་སྨད་དུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།