དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་བབ་ཇི་ལྟར་མཐོ་ཡང་ང་ཚོ་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་ལྷག་པར་དགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-06

     འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་ཆུང་གི་སློབ་མ་ཚོས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

    མི་མང་ཆེ་བའི་བག་ཆགས་སུ་ས་བབ་མཐོ་ཚད་སྨི་4000ཡན་གྱི་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་མི་རྣམས་དང་རྐང་རྩེད་སྤོ་ལོའི་དབར་འབྲེལ་བ་ཆེན་པོ་མེད་པའི་ངོས་འཛིན་བྱེད་བཞིན་ཡོད། དོན་དངོས་དེ་ལས་ལྡོག་པ་སྟེ། འདི་གར་མི་ཚོས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་ཚད་དེ་ས་ཆ་གཞན་ལས་ཞན་པ་ཡེ་ནས་མེད།

    ལྷ་ས་གྲོང་ཁྱེར་དུ་སྤྱིར་བཏང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གིས་ཀྱང་སྤོ་ལོར་དགའ་མཁན་མང་པོའི་ཡིད་དབང་རབ་ཏུ་འཕྲོག་ལ། གཟའ་མཇུག་དང་དུས་ཆེན་གྱི་ངལ་གསོའི་སྐབས་སུ་ལྷ་སའི་སློབ་གྲྭ་དང་སྤྱི་གླིང་གི་སྤོ་ལོ་ཐང་དུ་ན་གཞོན་མི་ཉུང་བ་ཞིག་གིས་སྤོ་ལོ་རྒྱག་པ་མཐོང་རྒྱུ་ཡོད། ཚོང་ལས་རང་བཞིན་གྱི་སྤོ་ལོ་ཐང་ཡིན་ཕྱིན་སྔ་ས་ནས་མངགས་དགོས་ཀྱི་ཡོད།

    བོད་ལྗོངས་སུ་རྐང་རྩེད་སྤོ་ལོར་དགའ་བའི་ན་གཞོན་ཚོ་ཡང་སྤོ་ལོར་དགའ་མཁན་གཞན་དག་དང་འདྲ་བར་འཛམ་གླིང་གི་རྐང་རྩེད་སྤོ་ལོར་དོ་སྣང་བྱེད་པར་མ་ཟད། འཛམ་གླིང་གི་གྲུག་སྐར་ཚོའི་རྗེས་སྙེག་རྒྱུར་དགའ་བ་དང་། རྒྱལ་ནང་གི་རིམ་མཚུངས་མཉམ་འགྲན་ནས་འཇར་མན་རྐང་རྩེད་སྤོ་ལོ་རིམ་པ་ཀ་པའི་རིམ་མཚུངས་འགྲན་བསྡུར་དང་། དབྱི་ཐ་ལི་རྐང་རྩེད་སྤོ་ལོ་རིམ་པ་ཀ་པའི་རིམ་མཚུངས་འགྲན་བསྡུར། སི་ཕན་རྐང་རྩེད་སྤོ་ལོ་རིམ་པ་ཀ་པའི་རིམ་མཚུངས་འགྲན་བསྡུར་གྱི་ལེ་ཚན་ཚང་མ་གཅིག་ཀྱང་མ་ལུས་པར་ལྟ་མུས་ཡིན།

    བོད་ལྗོངས་སུ་རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་ལྷ་ས་དང་། གཞིས་ཀ་རྩེ། ནག་ཆུ། ཆབ་མདོ་སོགས་གྲོང་ཁྱེར་ཆེ་གྲས་ལ་དར་ཁྱབ་ཆེ་བ་ཙམ་མ་ཟད། ཐག་རིང་ལུང་ཁུག་གི་སློབ་གྲྭའི་ནང་དུ་ཡང་རྐང་རྩེད་སྤོ་ལོ་ནི་སློབ་མ་མང་ཆེ་བས་དགའ་ཤོས་བྱེད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

    པ་སངས་ཚེ་རིང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་རེད། ལོ་ཆུང་དུས་ནས་ལུས་རྩལ་ལ་ཧ་ཅང་དགའ་པོ་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ཁོང་གིས་སྔོན་ཆད་སྒྲིག་ཁོངས་ནང་གི་ལས་ཁུངས་ག་གེ་མོར་ལས་ཀ་བྱེད་བཞིན་ཡོད། ལུས་རྩལ་ལ་དགའ་ཞེན་ཆེ་དྲགས་པས། མཐའ་མཇུག་གཞུང་གི་ལས་གནས་ལས་རྩ་དགོངས་ཞུས་ཏེ་སྒེར་གྱི་ལུས་རྩལ་ཀུང་སི་ཞིག་བཙུགས་པ་དང་། 2021ལོའི་ཟླ་11བར་ཁོང་གིས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གྲངས་སྟོང་ལ་ཉེ་བ་སྒྲིག་འཛུགས་བྱས། རྐང་རྩེད་སྤོ་ལོའི་ལས་རིགས་ཀྱི་ཆེད་ལས་མི་སྣ་ཞིག་གི་ངོས་ནས། ཁོང་ལྷ་སའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེ་གྲས་མང་པོའི་སྒྲིག་འཛུགས་ལས་དོན་ལ་ཞུགས་མྱོང་།

    པ་སངས་ཚེ་རིང་གིས་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་ལོ་20ལྷག་གི་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ། འགྱུར་ལྡོག་མངོན་གསལ་དོད་ཤོས་ནི་སྤོ་ལོ་རྒྱག་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། སྤོ་ལོ་ཐང་གི་ཆ་རྐྱེན་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བ། ཚོང་ལས་རང་བཞིན་གྱི་སྤོ་ལོ་ཐང་ཇེ་མང་ནས་ཇེ་མང་དུ་འགྲོ་བར་མ་ཟད། སྤོ་ལོ་ཐང་ལ་ལར་མཚན་མོ་ཡང་སྤོ་ལོ་རྒྱག་ཆོག་གི་ཡོད་པ་དེ་རེད།

    པ་སངས་ཚེ་རིང་གིས། ངས་སྐབས་དེ་དུས་བྱ་གཞག་གསར་གཏོད་བྱེད་རྒྱུ་གདམ་ཁ་བྱས་པ་དང་། རང་ཉིད་ཆེས་དགའ་བའི་ལུས་རྩལ་བྱ་གཞག་དོན་དུ་གཉེར་བར་ཧ་ཅང་དགའ་པོ་འདུག ད་ལྟ་ཀུང་སིའི་ལས་སྒོ་གཙོ་བོ་ནི་ལུས་རྩལ་གྱི་འགྲན་བསྡུར་རྣམ་གྲངས་དག་ཡིན་པ་དང་། གཟའ་མཇུག་ལ་རྐང་རྩེད་སྤོ་ལོ་དང་། ལག་རྩེད་སྤོ་ལོ། སྦེ་ག མདའ་འཕེན་སོགས་ཀྱི་གཞོན་ནུའི་སྦྱོང་བརྡར་འཛིན་གྲྭ་གཉེར་གྱི་ཡོད། ཡོང་འབབ་ཀྱང་མང་པོ་འདུག འདི་དག་ཡོད་ཚད་ཏང་གི་སྲིད་ཇུས་བཟང་པོའི་ཐུགས་རྗེ་ལས་བྱུང་བ་ངས་གསལ་པོ་ཤེས་ཀྱི་ཡོད། དྲིན་ལན་འཇལ་ཆེད་ངས་སློབ་ཆེན་སློབ་མ་6གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཟིན། མ་འོངས་པར་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རང་ནུས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    དབང་འདུས་ཚེ་རིང་ནི་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ཤན་འབྱེད་པའི་སྡེའི་ནང་གི་བསླབ་པ་རྒན་གྲས་ཤིག་རེད། ནམ་རྒྱུན་ཚང་མས་པཱ་དབང་འདུས་ཞེས་འབོད་ཀྱི་ཡོད། ཁོང་ནི་རྒྱལ་ཁབ་རིམ་པའི་ཆེད་ལས་ཤན་འབྱེད་པ་ཞིག་ཡིན་པ་དང་། ལས་རིགས་ཕྱི་ནང་གང་སར་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ལྡན་པའི་ཤན་འབྱེད་པ་ཞིག་རེད། ལྷ་སའི་འགྲན་བསྡུར་ཆེ་གྲས་ཁག་གི་འགག་རྩའི་འགྲན་བསྡུར་ཚང་མར་ཁོང་ཞུགས་ཀྱི་ཡོད། ལྷ་སའི་ཤན་འབྱེད་པའི་སྡེ་ཧྲིལ་པོའི་ན་གཞོན་ཤན་འབྱེད་པ་ཕྱེད་ཀ་ཡན་ཁོང་གིས་གསོ་སྐྱོང་གནང་བ་རེད། ད་ལྟ་ཁོང་གིས་སྔར་རྒྱུན་བཞིན་གཟའ་མཇུག་དང་ངལ་གསོའི་དུས་ཚོད་འཆར་རིམ་བཞིན་སྤོ་ལོ་ཐང་དུ་རྐང་རྩལ་ངོམ་བཞིན་ཡོད།

    ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་རྐང་རྩེད་སྤོ་ལོ་ཡང་རིམ་བཞིན་ལས་ཞོར་ནས་ཆེད་ལས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་མུས་ཡིན་པ་དང་། སྤོ་ལོའི་རུ་ཁག་མང་པོས་སློབ་གྲྭ་ཁག་ནས་ལུས་རྩལ་དགེ་རྒན་བསླབ་པ་རྒན་གྲས་རྩལ་ཁྲིད་པར་གདན་དྲངས་ཏེ་ལུས་རྩལ་པར་རྨང་གཞིའི་ལག་རྩལ་དང་། དམག་ཇུས་འདིང་སྟངས། འཐབ་ར་གཤོམ་སྟངས་སོགས་སློབ་པ་དང་། སྒོ་དབྲག་སོགས་མི་སྣ་བཀོད་སྒྲིག་བྱེད་སྟངས་ལ་ཡང་གཟབ་གཟབ་གཟེངས་གཟེངས་བྱེད་ཀྱི་ཡོད།

    དབང་འདུས་ཚེ་རིང་གིས། ད་ལྟ་བོད་ལྗོངས་སུ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་བཙུགས་ཟིན་ཞིང་། རིམ་པ་མི་འདྲ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ང་རང་མི་སྒེར་གྱིས་རྒྱུས་ལོན་བྱས་པར་གཞིགས་ན། གཞོན་ནུ་མང་ཆེ་བ་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་ཅིང་། དེས་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ལ་རྗེས་གྲབས་སྟོབས་ཤུགས་འགྲན་ཟླ་བྲལ་བ་མཁོ་འདོན་བྱས་ཡོད། མ་འོངས་པར་མཚོ་བོད་མཐོ་སྒང་དུ་རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་འགྲོ་ངེས་རེད་ཅེས་བརྗོད་པ་དང་། ཁོང་གིས། རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་བས་ལེགས་པ་དང་ཆེད་ལས་ཅན་དུ་འཕེལ་རྒྱས་འགྲོ་དགོས་ན། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ཁར། ད་དུང་ཆེད་ལས་ཀྱི་ཤན་འབྱེད་པ་དང་རྩལ་ཁྲིད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ལ། ལུས་རྩལ་པའི་ཕྱོགས་ཚང་མའི་བྱང་ཚད་དང་ལག་རྩལ་མཐོ་རུ་གཏོང་དགོས་ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།