མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ནས་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན་ཏེ་མི་དམངས་ཀྱི་བསམ་པའི་འཚོ་བ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་མཐུན་རྐྱེན་བསྐྲུན་པ་མ་ཟད། སྒུལ་ཤུགས་ཆེན་པོ་ཡང་བསྣན་ཡོད།
མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་འགག་རྩ་ནི་མི་དམངས་ཀྱི་དགོས་མཁོ་ཁོང་དུ་ཆུད་པར་བྱེད་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་ལ། ལོ་རྒྱུས་ཀྱི་དཔང་པོ་བ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་ཀྱི“འཁྲབ་སྟོན་པ”དང་ལོ་རྒྱུས་ཀྱི“ཟློས་གར་རྩོམ་པ་པོ”ཡང་ཡིན། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས་ན། ངེས་པར་དུ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་གཞི་རིམ་དང་། མང་ཚོགས། འཚོ་བ་བཅས་སུ་ཟབ་འཇུག་དང་། མི་དམངས་ཀྱི་སེམས་ཁམས་སྐྱིད་པོ་དང་བསམ་པའི་ལོངས་སྤྱོད་ཐད་གང་ཞིག་ལྟ་འདོད་པ་དང་། གང་ཞིག་ཉན་འདོད་པ། གང་ཞིག་ཀློག་འདོད་པ་བཅས་ཤེས་རྟོགས་བྱེད་པ། མི་དམངས་ཀྱི་བདེ་སྡུག་དང་མི་དམངས་ཀྱི་བདེ་སྐྱིད་ལ་དོ་སྣང་བྱེད་པ། མི་དམངས་ཀྱི་དགའ་སྐྱོ་ཤེས་རྟོགས་བྱེད་པ། སྒེར་གྱི་བསམ་ཚུལ་གྱིས་མི་དམངས་མང་ཚོགས་ཀྱི་བསམ་ཚུལ་གྱི་ཚབ་མི་བྱེད་པ། རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་བསམ་པའི་རིག་གནས་འཚོ་བའི་གསལ་ཐོ་བཟོ་དགོས།
མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བར་གཙོ་བོ་མཁོ་སྤྲོད་འགན་ལེན་གྱི་སྤུས་ཚད་འགན་ལེན་བྱེད་དགོས། མིག་སྔར། ང་ཚོའི་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ཐད་ལྷག་ཐལ་ཤོར་བ་དང་དཀོན་པའི་འགལ་བ་གནས་ཡོད། ཕྱོགས་གཅིག་ནས་རྙིང་སྒྱུར་གསར་བཟོའི་རིག་གནས་ཞབས་ཞུ་སྣ་ཚོགས་དང་རགས་བཟོ་སླ་བཅོས་ཀྱི་རིག་གནས་ཐོན་རྫས་མང་དྲགས་པར་བརྟེན། མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་སྐོང་མི་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དུས་རབས་འཕེལ་རྒྱས་ཀྱི་རྗེས་སྙེག་པ་དང་། མི་དམངས་ཀྱི་དགོས་མཁོ་ཁོང་དུ་ཆུད་པ། མི་དམངས་ཀྱི་མཐོང་ཆོས་སུ་འགྱུར་བའི་སྤུས་ལེགས་ཞབས་ཞུ་དང་བརྩམས་ཆོས་ཡག་པོ་མཁོ་སྤྲོད་བྱེད་ཚད་འདང་གི་མེད། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གྲུབ་འབྲས་ཐོབ་པ་དང་ཤེས་ལྡན་པ་འཚར་ལོངས་ཡོང་བ་ཟུང་འབྲེལ་དང་བརྩམས་ཆོས་དང་ཁོར་ཡུག་མཉམ་འཛིན་བཅས་མཐའ་འཁྱོངས་བྱེད་པ། རིག་རྩལ་བརྩམས་ཆོས་ཀྱི་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་ལས་དོན་ལམ་སྲོལ་ལེགས་སུ་གཏོང་བ། རིག་གནས་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། སྤུས་ཚད་མཐོ་བའི་ཕུལ་བྱུང་རིག་གནས་བརྩམས་ཆོས་ཀྱི་སྤུས་ཚད་མཐོ་རུ་འགྲོ་བ་དང་གྲངས་ཚད་ལུགས་མཐུན་འཕར་བ་བཅས་བྱས་ཏེ། བསམ་པའི་རིག་གནས་མཁོ་སྤྲོད་ཡག་པོ་ཡོད་མེད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།
མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་ན་ཐོན་ཁུངས་དམིགས་སར་འབྱོར་བ་བྱེད་དགོས། སྤུས་ལེགས་རིག་གནས་ཐོན་ཁུངས་མང་ཚོགས་ཀྱིས་སྤྱོད་མ་ཐུབ་ཚེ་བཟོ་ལྟ་ཙམ་དང་རང་འཁྲབ་རང་སྐྱིད་བྱས་པ་ཙམ་ཞིག་རེད། ཕྱོགས་གཅིག་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས་ན། སྒྱུར་བཅོས་ཁྲོད་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ལེགས་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཐད་ཀར་ཁྱབ་པའི་ལམ་སྲོལ་འཛུགས་པ། དངུལ་ཁོ་ན་བསམ་པ་དང་བྱ་དགའ་ཁོ་ན་བསམ་པའི་སྐྱོན་ཆ་སེལ་བ། སྤུས་ལེགས་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཐད་ཀར་ཁྱབ་པའི་ལམ་ལུགས་ཀྱི་འགོག་རྐྱེན་སེལ་བ། ཐད་ཀར་ཁྱབ་ཐུབ་པའི་ལས་ཕྱོད་ཆེ་རུ་གཏོང་བ། མངགས་ཐོའི་རྣམ་པ་དང་། ཚལ་ཐོའི་རྣམ་པ། སྔོན་མངགས་རྣམ་པ་བཅས་ཀྱི་ཞབས་ཞུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་མཁོ་སྤྲོད་ནང་ཞུགས་པར་སྐུལ་སློང་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རང་འགུལ་ངང་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་བབ་གསར་པ་དང་འཚམ་པ་དང་། དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་སྤྱི་པའི་རིག་གནས་བར་མཐོངས་ཕྱོགས་སྒྱུར་རིམ་སྤོར་བྱེད་པ། “རིག་གནས་བར་མཐོངས”ཀྱི་དྲ་སྦྲེལ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ། རིག་གནས་ཐོན་ཁུངས་ཁྱབ་གང་ཐུབ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་མཁོ་སྤྲོད་བྱས་ཏེ་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས།