དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་མི་སྣ་ཁག་གཅིག་དང་སོ་སོར་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁེན་ནི་ཡའི་དབར་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་འཕེལ་རྒྱས་ཡོང་བ་བྱེད་པ་དང་རྒྱལ་ཁབ་དར་རྒྱས་དོན་གཉེར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་འབྲེལ་བ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཁེན་ནི་ཡས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་མདུན་གྲལ་དུ་བསྐྱོད་དེ་མཉམ་སྦྲེལ་མཉམ་མཐུད་ཀྱི་རྣམ་གྲངས་གཙོ་བོ་འབོར་ཆེན་ཞིག་བསྐྲུན་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས“རོགས་ཟླ་གསུམ”གྱི་ཁ་ཕྱོགས་བརྒྱུད་ཀྲུང་གོ་དང་ཁེན་ནི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད། གཅིག་ནི་མཛའ་མཐུན་རྒྱུན་འཛིན་གྱིས་ཕན་ཚུན་ཡིད་ཆེས་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་རོགས་ཟླ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་རང་བརྟེན་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནི་གཞུང་འཁྱོངས་གསར་འབྱེད་ཀྱིས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རོགས་ཟླ་བྱས་ཏེ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ཁེན་ནི་ཡའི་ཕྱོགས་ཀྱི“2030ལོའི་ཕུགས་ཀྱི་འཆར་འགོད”དང་འབྲེལ་མཐུད་དམ་ཟབ་བྱས་ནས་ཨ་ཧྥེ་རི་ཁ་ཤར་རྒྱུད་མཉམ་སྦྲེལ་མཉམ་མཐུད་ཀྱི་ལྟེ་གནས་དང་ཐོན་ལས་དར་ཁུལ་བཏོད་དེ་གྲངས་འཛིན་དཔལ་འབྱོར་དང་། ནུས་རྒྱུ་གསར་པ་དང་དཔལ་འབྱོར་ཚོང་དོན། དབུལ་པོ་ཉུང་གཏོང་དང་ཞིང་ཕན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་ཡིད་ཆེས་བརྟན་གཏོང་གིས་དྲང་བཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་འཐབ་ཇུས་རོགས་ཟླ་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས།

    ལུའུ་ཐུའོ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གཙོ་གཉེར་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་པོས་འབྱུང་འགྱུར་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བྱ་ཆེད་ལས་སྟེགས་དང་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁེན་ནི་ཡ་དང་ཀྲུང་གོའི་འབྲེལ་བ་ནི་མཛའ་གྲོགས་ཟབ་མོ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་ལ་བརྟེན་པ་ཞིག་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་མོང་ནེ་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་རྣམ་གྲངས་གལ་ཆེན་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པས། ཁེན་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཏེ་ཁེན་ནི་ཡ་དང་ཀྲུང་གོའི་མཛའ་གྲོགས་དང་གཉིས་ཕན་མཉམ་ལས་མཚོན་པའི་ཐ་སྙད་གསར་པར་གྱུར་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་དབུ་ཚོགས་གོ་སྐབས་སུ་བྱས་ནས་ཁེན་ནི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཆ་ཏེའི་ཙུང་ཐུང་མུའུ་ཧན་མོ་ཏེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཆ་ཏེའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཆ་ཏེ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་གཉིས་ཕན་མཉམ་ལས་ཧུར་ཐག་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་ཆ་ཏེའི་ཚོང་དོན་རོགས་ཟླ་དང་མ་འཇོག་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་ཕྱོགས་གཉིས་པོ་དངོས་སྒྲུབ་མཉམ་ལས་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེ་ཕྱོགས་དང་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཆ་ཏེའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆ་ཏེ་ཕྱོགས་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་སྔར་རྒྱུན་བཞིན་ཆ་ཏེ་ཕྱོགས་རང་བཙན་རང་བརྟེན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་བཅས་བྱེད་དགོས། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཆ་ཏེ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་བྱེད་འདོད་ཡོད།

    མུའུ་ཧན་མོ་ཏེས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ང་རང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་སུ་གདན་དྲངས་པ་མ་ཟད། སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ། དེ་ཐོག་ནས་ཆ་ཏེ་དང་ཀྲུང་གོ་ཕྱོགས་གཉིས་པོའི་མཛའ་གྲོགས་ཀྱི་བརྩེ་སེམས་མཚོན་གྱི་ཡོད། ཆ་ཏེ་དང་ཀྲུང་གོའི་མཉམ་ལས་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆ་ཏེ་ཕྱོགས་ནས་ཀྲུང་གོ་དང་མཛའ་གྲོགས་གཉིས་ཕན་གྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་གཞོལ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད། ཆ་ཏེ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྩི་འཇོག་ཡིད་སྨོན་ཞུ་བཞིན་ཡོད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འདུ་ཤེས་དང་གྲོས་འགོ་གལ་ཆེན་རབ་དང་རིམ་པར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད། ཀྲུང་གོ་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་མཐོང་འདོད་ཡོད་ལ་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ལས་ཆ་ཏེ་དང་ཨ་ཧྥེ་རི་ཁ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུའི་ཡིད་ཆེས་ཡོད། དེ་ནི་འཛམ་གླིང་གི་ལོ་བརྒྱའི་དུས་འགྱུར་ལ་སྣེ་ཁྲིད་བྱེད་པའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མ་ལ་ཝེའི་ཙུང་ཐུང་ཁྲ་ཁེ་ཝེ་ལཱ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་མ་ལ་ཝེའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མ་ལ་ཝེའི་དབར་ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་དང་གཉིས་ཕན་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་གོ་སྐབས་སུ་བྱེད་པ་དང་། ཀྲུང་གོ་དང་མ་ལ་ཝེའི་མཛའ་མཐུན་མཉམ་ལས་འགོ་འཛུགས་ས་གསར་པར་དེ་བས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་མཐུད་བདེ་སྐྱིད་བསྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མ་ལ་ཝེས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། མ་ལ་ཝེ་ཕྱོགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་མ་ལ་ཝེ་རྒྱལ་ཁབ་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལ་ཝེ་ཕྱོགས་དང་མཉམ་དུ་ཞིང་ལས་དང་། གློག་འཕྲིན། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁེ་ལས་མ་ལ་ཝེར་མ་འཇོག་ལ་སྐྱོད་རྒྱུར་ལྕག་སྐུལ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མ་ལ་ཝེ་སློབ་ཆེན་ཁུང་ཙི་སློབ་གླིང་བེད་ཡག་པོ་སྤྱད་དེ་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲང་ཧྲ་རུ་བཅའ་སྡོད་མ་ལ་ཝེའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་འཁོར་སྐྱོད་བདེ་བླག་བྱེད་པར་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་པོས་ས་ཆ་དེ་བས་མང་བར་སྤེལ་རེས་མཉམ་ལས་བྱེད་པར་ལྕག་སྐུལ་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་མ་ལ་ཝེ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།

    ཁྲ་ཁེ་ཝེ་ལཱ་ཡིས་གསུངས་དོན། ཀྲུང་གོར་སླེབས་རིམ་བཞིན་རང་ཁྱིམ་དུ་ལོག་པའི་ཚོར་སྣང་ཡོང་གི་འདུག ཀྲུང་གོ་ཕྱོགས་ཀྱིས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ལ་ཝེས་ཀྲུང་གོ་ཉིད་གྲོགས་པོ་བློས་ཐུབ་ལ་བརྩི་གི་ཡོད། ད་ཕན་ལོ་ཤས་རིང་རང་ཉིད་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཐོབ་པར་ཁྲིད་སྟོན་བྱུང་བར་དགའ་ཚོར་ཆེན་པོ་སྐྱེ་གི་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་བ་དུང་ཕྱུར་མང་པོ་དབུལ་ཕོངས་ཀྱི་གནས་ལས་བསྒྲལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་འགོ་གལ་ཆེན་གྱིས་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བར་གོ་སྐབས་གལ་ཆེན་བསྐྲུན་གནང་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙེ་ཝ་ཉི་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་མོ་རི་ཐ་ནི་ཡ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་དང་ཕན་ཚུན་ལྟ་སྐྱོང་གི་སྤུན་ཟླ་བཟང་པོ་ཞིག་རེད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པས། མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་དང་། མི་དམངས་ཀྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐའ་གཅིག་ཏུ་ལངས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཉ་ལས་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མོ་རི་ཐ་ནི་ཡར་རོགས་སྐྱོར་བྱེད་པའི་ཞིང་ལས་དང་འབྲོག་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱི་ནུས་པ་འདོན་པ། ཤ་མོ་རྩྭ་རིང་འདེབས་འཛུགས་ལག་རྩལ་གྱི་མཉམ་ལས་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་མོ་རི་ཐ་ནི་ཡའི་འབྲེལ་བ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་མཛའ་མཐུན་འགྲོ་འོང་དང་མཉམ་ལས་གཉིས་ཁེའི་དཔེ་མཚོན་ཞིག་ཏུ་གཏོད་འདོད་ཡོད།

    ཞི་ཅིན་ཕིང་གིས་ཅ་ཙེ་ཝ་ཉི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ངོས་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གྲ་སྒྲིག་ལས་དོན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བསྔགས་བརྗོད་གནང་བ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་མཉམ་དུ་མཉམ་ལས་དམ་ཟབ་བྱས་ནས་ད་རེས་ཀྱི་དབུ་ཚོགས་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་འཐུས་ཚབ་རང་བཞིན་ཆེ་རུ་བཏང་ནས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཅ་ཙེ་ཝ་ཉི་ཡིས་གསུངས་དོན། མོ་རི་ཐ་ནི་ཡ་དང་ཀྲུང་གོའི་མཛའ་གྲོགས་བརྟན་ལ་ཟབ་པ་དང་། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་མཐུན་འབྲེལ་བ་ཡོད་པར་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་ཚུད་པའི་མོ་རི་ཐ་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་ལས་འགལ་བའི་གཏམ་སྤྱོད་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན། མིག་སྔར་འཛམ་གླིང་ལ་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད་པས། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱེད་རྒྱུ་ནི་མོ་རི་ཐ་ནི་ཡ་སོགས་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བ་བྱེད་པའི་རེ་བ་གནས་ས་དེ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཨ་ཧྥེ་རི་ཁ་མནའ་འབྲེལ་ནི་ཨ་ཧྥེ་རི་ཁ་མཉམ་འབྲེལ་རང་སྟོབས་ཀྱི་དར་ཆ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེཌ་བུ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཟབ་ཏུ་ཕྱིན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོཌ་འདེགས་དམ་ཟབ་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་རོགས་རམ་བྱས་ནས་བསྐྲུན་པའི་ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་སྤྱོད་འགོ་ཚུགས་ཏེ་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བྱ་གཞག་དང་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཆེད་ལེགས་སྐྱེས་ཕུལ་བ་མཐོང་བྱུང་བས་རང་ཉིད་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཀྲུང་ཧྥེའི་མཛའ་གྲོགས་བྱ་གཞག་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་འཕོ་འགྱུར་མྱུར་པོ་བྱུང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་སྟོབས་ཆེར་ཕྱིན་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་བསྣན་ཡོད། ཨ་ཧྥེ་རི་ཁ་ནི་འཛམ་གླིང་གི་སྣེ་མོ་གལ་ཆེན་ཞིག་དང་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་བཅས་ཡོད། མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱེད་དགོས།

    ཧྥ་ཅིས་གསུངས་དོན། ངས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཀྲུའུ་ཞིའི་འགན་འཁུར་ནས་ལོ་8སོང་རིང་། ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་དཔང་པོ་བྱེད་ཐུབ། ཀྲུང་གོ་ཕྱོགས་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ཀྲུང་གི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་ཆེད་མཁས་མཛངས་ཀྱི་འགོ་ཁྲིད་ནུས་པ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། མི་སེར་སྤེལ་བར་ངོ་རྒོལ་དང་། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ། རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བཅས་ཀྱི་ཨ་ཧྥེ་རི་ཁའི་འཐབ་རྩོད་ལ་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་དང་། འཕྲོད་བསྟེན། ནུས་རྒྱུ། ཐོན་ལས། བདེ་འཇགས་སོགས་ཁྱབ་ཁོངས་ཁག་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྩ་ཆེའི་རོགས་རམ་གནང་བ་དང་། ད་དུང་ཨ་ཧྥེ་རི་ཁ་མནའ་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པར་ཞུགས་པར་སྔོན་ལ་རྒྱབ་སྐྱོར་གནང་བར་ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེར་བརྟེན་ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་མ་ཟད། ཀྲུང་གོས་རང་ཉིད་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཡང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།