དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སཱ་ཁེ་ཏི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སཱ་ཁེ་ཏི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཆི་སཱ་ཁེ་ཏི་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ན་ནིང་ཟླ་5པར་ང་ཚོས་ཀྲུང་ཁོང་དབར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཡོད། ང་ཚོས་སྐབས་དེ་དུས་གྲུབ་པའི་ངོས་འཛིན་གཅིག་མཐུན་མང་པོ་ཞིག་དོན་ཐོག་ཏུ་འཁྱོལ་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཕྱོགས་གཉིས་ལ་བདེ་སྐྱིད་བསྐྲུན་པས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་དང་། དེ་ཉིད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ཁོང་ཀོ(ཅིན)དེ་ཡང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་བཞིན་ཡོད། རྒྱལ་ཁབ་གཉིས་པོ་ནི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་མཉམ་དུ་སྐྱོད་མཁན་ཡིན་པས་བློ་སེམས་གཅིག་མཐུན་དང་། གཉིས་ཁེ་གཉིས་ཕན། ཞི་བདེ་མཉམ་འགོད་བཅས་ཀྱི་གྲོགས་པོ་བཟང་པོ་ཞིག་བྱེད་དགོས། ཁོང་ཀོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་རང་བརྟེན་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཁོང་ཀོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་བྱས་ཏེ། ཞིང་ལས་དང་། གཏེར་ཁའི་ཐོན་རྫས་ལས་སྣོན། ལས་རིགས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཁོང་ཀོ་ཕྱོགས་ཀྱིས་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་སྒུལ་ནུས་སུ་བསྒྱུར་རྒྱུར་མུ་མཐུད་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྥེ་ཕྱོགས་གཉིས་པོས་ད་ཐེངས་དབུ་ཚོགས་ཐོག་ཀྲུང་ཧྥེའི་དབར་གྱི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ཏེ། ཀྲུང་ཧྥེ་ཡིས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ནས་ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་འགོད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་བྱེད་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། གཉིས་ཁེ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཀྲུང་ཧྥེའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་བ་བཅས་བྱས་ནས། འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱིས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

    ཆི་སཱ་ཁེ་ཏི་ཡིས་གསུངས་དོན། ཁོང་ཀོ་དང་ཀྲུང་གོ་ཕྱོགས་གཉིས་དབར་ཕན་ཚུན་སྤུན་གྲོགས་ལྟར་བརྩེ་བ་ཟབ་ཅིང་། འདྲ་མཉམ་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེན་པོ་ལས་བྱུང་བའི་ཕྱོགས་གཉིས་པོའི་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ནུས་པར་ཡི་རངས་ཞུ་ཡི་ཡོད། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཀྲུང་གོ་དེ་མཉམ་ལས་རོགས་ཟླ་ཨང་དང་པོར་བཞག་སྟེ། མཛའ་གྲོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)ཡིས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཁས་ལེན་ཡང་བྱེད་ཀྱི་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།