དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མ་ལིའི་ཙུང་ཐུང་ཀོ་དབྱི་ཐཱ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མ་ལིའི་ཙུང་ཐུང་ཀོ་དབྱི་ཐཱ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་མ་ལིའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མ་ལིའི་མཛའ་མཐུན་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་སྐུ་ངོ་མས་བཏོད་པ་ཞིག་རེད། ལོ་60ཡི་གོང་ཕྱོགས་གཉིས་པོས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་རྩ་དོན་ཁག་བརྒྱད་ཐོག་མར་བཀོད་དེ་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། རང་ཚུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་དར་སྤེལ་བཏང་ཡོད། རྩ་དོན་དེ་དག་ནི་ཀྲུང་གོ་དང་མ་ལིའི་ཡུན་རིང་མཛའ་མཐུན་མཉམ་ལས་ཀྱི་ཕྱོགས་སྟོན་ཞིག་ཡིན་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་སྔོན་བརྡ་ཞིག་ཀྱང་རེད། མིག་སྔའི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་མ་ལི་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་བཏང་ནས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མ་ལིའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་ཆེད་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་མ་ལིར་མ་འཇོག་བྱེད་པར་བསྐྱོད་དེ་ཞིང་ལས་དང་། ནུས་རྒྱུ། གཏེར་རྫས་གསར་སྤེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་མུ་མཐུད་ལྕག་སྐུལ་བྱེད་ཀྱི་ཡིན། མ་ལི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་སྟབས་བདེ་བསྐྲུན་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མདུན་ལམ་དང་ལས་དབང་རང་བརྟེན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མ་ལི་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ལག་གདང་སྦྲེལ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་འདོད་ཡོད། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས་ཀྱི་འཆར་གཞི་གསར་པ་འགོད་རྒྱུར་གཞོལ་ནས་མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་མ་ལི་སོགས་ཕྱོགས་ཁག་དང་མཉམ་དུ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཀོ་དབྱི་ཐཱ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་གཙོ་གཉེར་གནང་བ་དང་འབྲེལ་ང་ཚོར་སྤྲོ་སེམས་འཁོལ་བའི་མཛའ་གྲོགས་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤུན་ཟླ་ལྟ་བུའི་བརྩེ་བ་ལྡན་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ནི་ལྷག་བསམ་ཟོལ་མེད་དང་དམ་པ་དོན་གཉེར་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་སྣ་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ལི་ཕྱོགས་ཀྱིས་མ་ལི་དང་ཀྲུང་གོའི་མཛའ་གྲོགས་སྔར་བས་བརྟན་དུ་གཏོང་བ་དང་། འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ། ཞིང་ལས་དང་། ནུས་གཏེར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།