དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཧྥུའུ་ལེ་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་འཕེལ་རྒྱས་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ལམ་སྲོལ་འཛུགས་པར་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་བ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྟོབས་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གླེང་སྟེགས་དབུ་ཚོགས་ཐོག་ཀྲུང་ཧྥེའི་མཉམ་ལས་ཀྱི་འཆར་གཞི་གསར་པ་འགོད་རྒྱུར་གཞོལ་བས་ཀྲུང་ཧྥེའི་འབྲེལ་བའི་ལོ་རྒྱུས་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཐོ་ཀོ་དང་ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་ནི་ཕྱོགས་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་ཐུན་མོང་ཐོག་བཏོད་པ་ཞིག་རེད། དུས་རབས་གསར་པར་སླེབས་པ་དང་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་མཉེན་ཤུགས་དང་གསོན་ཤུགས་མངོན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བརྟན་ཞིང་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕན་ཚུན་དབར་གྱི་ཡིད་ཆེས་རྡོ་རྗེ་བྲག་ལྟར་ཧ་ཅང་བརྟན་པས་རྒྱལ་ཁབ་དབར་མཛའ་གྲོགས་ཟོལ་མེད་དང་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོ་ཀོ་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས་ཆུ་བེད། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ས་ཁུལ་གྱི་མཐུན་སྒྲིལ་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད།

    ཧྥུའུ་ལེ་ཡིས་གསུངས་དོན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དུས་བསྟུན་མདུན་སྐྱོད་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་བའི་ཀ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེང་སྐབས་འཛམ་གླིང་ལ་ཉེན་ཁ་དང་འཇིགས་སྐུལ་སྔར་བས་མང་པོ་འཕྲད་བཞིན་ཡོད། ཀྲུང་གོའི་རྒྱབ་སྐྱོར་དང་མཉམ་ལས་ནི་ཨ་ཧྥེ་རི་ཁའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།