དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སེ་ཧྲེར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་སེ་ཧྲེར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སེའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སེ་ཧྲེར་རྒྱལ་ཁབ་གཉིས་པོ་རྒྱ་མཚོ་ཆེན་པོའི་མཐའ་གཉིས་སུ་གནས་ཀྱང་། མཛའ་མཐུན་འགྲོ་འོང་ལས་རི་བོ་དང་རྒྱ་མཚོ་སྒྲོལ་བའི་མཛའ་གྲོགས་ཟབ་མོ་བཙུགས་ཡོད། ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་ནི་རྒྱལ་ཁབ་ཆེ་ཆུང་དབར་གྱི་ཟོལ་མེད་མཛའ་མཐུན་དང་། འདྲ་མཉམ་མཉམ་གནས། ཕན་ཚུན་ལྟ་སྐྱོང་། གཉིས་ཁེ་གཉིས་ཕན་བཅས་ཀྱི་དཔེ་མཚོན་ཞིག་རེད། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ས་གལ་ཆེན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཉིད་མུ་མཐུད་སྔོན་ལ་ལག་ལེན་བསྟར་རྒྱུའི་དོན་ཚན་ལ་བརྩིས་ཏེ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས་དང་། ཐུན་མོང་འཕེལ་རྒྱས་མཐའ་འཁྱོངས། ཐུན་མོང་བདེ་འཇགས་མཐའ་འཁྱོངས། སྲོལ་རྒྱུན་མཛའ་གྲོགས་མཐའ་འཁྱོངས་བཅས་བྱེད་དགོས། སེ་ཧྲེར་ཕྱོགས་ཀྲུང་གོ་དང་ཧིན་རྡུ་རྒྱ་མཚོའི་ས་ཁུལ་གྱི་འཕེལ་རྒྱས་མཉམ་ལས་གླེང་སྟེགས་ལ་མུ་མཐུད་ཞུགས་ནས་རྒྱ་མཚོའི་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་གསར་སྤེལ་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་སེ་ཧྲེར་གྱི་མཚོ་ཐོག་དཔལ་འབྱོར་གྱི་མི་མངོན་པའི་སྒུལ་ཤུགས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་འགྱུར་བར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེ་ཧྲེར་ཕྱོགས་དང་མཉམ་དུ་འཕྲལ་སྡོམ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སེ་ཧྲེར་ཕྱོགས་ཀྱིས་མཚོ་ཇག་དང་ཁྲིམས་དང་མ་མཐུན་པའི་བྱེད་སྒོར་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་སེ་ཧྲེར་གྱི་ཐད་གཏོང་མཁའ་ལམ་གཏོད་པར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་བ་རྒྱལ་ཁབ་གཉིས་པོར་འགྲོ་འོང་བྱེད་པར་སྐུལ་ལྕག་བཅས་བྱེད་འདོད་ཡོད། སེ་ཧྲེར་གྱི་ཕུལ་བྱུང་སློབ་མ་སྔར་ལས་མང་བ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་སྟེ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྥེའི་མཉམ་ལས་ཀྱིས་གཉིས་ཁེ་གཉིས་ཕན་དང་དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱི་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་འཚོགས་ནས་ལོ་24སོང་རིང་། ཀྲུང་ཧྥེའི་མཉམ་ལས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་པར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ཧྲེར་སོགས་ཕྱོགས་ཁག་དང་མཉམ་དུ་ད་རེས་ཀྱི་དབུ་ཚོགས་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་སྐུལ་འདེད་དང་། ཀྲུང་ཧྥེའི་མཉམ་ལས་ལ་གཡུར་དུ་ཟ་བའི་འབྲས་བཟང་དེ་ལས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

    ལཱ་མུའུ་ཁཱ་ལཱ་ཝང་གིས་གསུངས་དོན། སེ་ཧྲེར་དང་ཀྲུང་གོའི་མཛའ་གྲོགས་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་རྨང་གཞིར་བྱས་པ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཡག་པོ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ཧྲེར་ལ་རྩ་ཆེའི་རོགས་རམ་སྣ་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་རིམས་འགོག་སྨན་ཁབ་ལས་སེ་ཧྲེར་གྱིས་ཏོག་གསར་རིམས་ནད་མགྱོགས་པོ་བསལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱུང་ཡོད། སེ་ཧྲེར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་ཁོང་གིས་བཏོན་གནང་བའི་དགོངས་པ་དང་གྲོས་འགོར་ཡི་རངས་ཞུ་ཡི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་མུ་མཐུད་བརྟན་པོ་བྱས་ནས་གྲོགས་པོ་བློས་ཐུབ་བྱེད་འདོད་ཡོད། སེ་ཧྲེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བརྟན་པོ་བསྟར་ཏེ་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།