དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལི་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཁོ་མོ་རོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ནི་ཁོ་མོ་རོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དང་པོ་དེ་ཡིན། སང་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་རྒྱུ་རེད། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་ཆེ་ཆུང་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་དང་ཁོ་མོ་རོ་དབར་རི་ཆུ་ཁྲི་སྟོང་གི་བར་ཐག་ཆོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པའི་བསམ་འདུན་གཅིག་མཚུངས་ཡིན། ཀྲུང་གོའི་བརྙན་འཕྲིན་འཁྲབ་ཚན《རི་ཆུའི་བརྩེ་སེམས》ཉེ་ཆར་ཁོ་མོ་རོར་བསྟན་པ་ངས་གོ་ཐོས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཁོ་མོ་རོ་ཕྱོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་གི་མཉམ་ལས་བྱས་ཏེ་ཁོ་མོ་རོ་མི་དམངས་ཀྱིས་རང་ངོས་ཀྱི་ས་བབ་ལེགས་ཆ་དང་རྒྱ་མཚོའི་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཁོ་མོ་རོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི“རི་ཆུའི་བརྩེ་སེམས”རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་མོ་རོ་ཕྱོགས་དང་མུ་མཐུད་མཉམ་ལས་བྱས་ནས་འདར་ནད་མགྱོགས་མྱུར་མེད་པ་བཟོ་བའི་རྣམ་གྲངས་ལག་བསྟར་བྱས་ཏེ་ཁོ་མོ་རོ་ཕྱོགས་ལ“2025ལོར་འདར་ནད་རྦད་དེ་མེད་པ་བཟོ་རྒྱུའི”དམིགས་ཚད་སྔ་ཙམ་མངོན་འགྱུར་བྱེད་རོགས་བྱེད་འདོད་ཡོད། ད་ཐེངས་ཀྱི་དབུ་ཚོགས་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད། རྒྱ་མཚོའི་ཉ་ལས། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ཁོ་མོ་རོས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་བཏོན་པའི་ནུས་པར་བསྔགས་བརྗོད་གནང་བ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁོ་མོ་རོ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱས་ཏེ་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ། དབྱི་སི་ལམ་མཉམ་ལས་རྩ་འཛུགས་བཅས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཉམ་ལས་ལ་ཤུཌ་སྣོན་བརྒྱབ་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་གསར་དར་སྟོབས་ཤུཌ་སྟོབས་ཆེར་བཏང་སྟེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཨ་ཀྲ་ལིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ང་ཚོར་སྤུན་ཟླ་ལྟ་བུའི་མཛའ་བརྩེའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཅས་ཀྱིས་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་ཁོ་མོ་རོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།