དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཅི་པོའུ་ཐིའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཀའེ་ལའེ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ཚུན་གཉེར་བའི་དབུ་ཚོགས་ཚང་མར་ཞུགས་མྱོང་བས་གླེང་སྟེགས་འཚར་ལོངས་དང་སྟོབས་ཆེར་འགྲོ་བའི་དཔང་པོ་གནང་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་རེད། ངས་དེའི་ཐད་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ལ། ཁྱེད་དང་མཉམ་ལས་དམ་ཟབ་བྱས་ནས་ད་ཐེངས་ཀྱི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་སྐུལ་འདེད་གཏོང་འདོད་ཀྱང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་དང་ཅི་པོའུ་ཐི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། ལོ་45ཡི་རིང་ཀྲུང་གོ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་པོས་ལྷག་བསམ་རྣམ་དག་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་དང་། དཔལ་འབྱོར་མཉམ་ལས་ཐད་གཉིས་ཁེ་གཉིས་ཕན་དང་མི་དམངས་འགྲོ་འོང་ཐད་ཕན་ཚུན་འགྲོགས་འདྲིས་ཆེ་ཞིང་བརྩི་པོ་ཡོད་པས། ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་ཞེས་བརྗོད་ཆོག ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རྩ་ཆེའི་ཉམས་མྱོང་འདོན་སྤེལ། མཉམ་ལས་གཉིས་ཕན་གྱི་ཁེ་ཕན་འབྲེལ་ཐག་དམ་དུ་གཏོང་བ། ཞི་བདེ་མཉམ་གནས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ནས་ཅི་པོའུ་ཐི་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཅི་པོའུ་ཐི་བར་གྱི་ལྕགས་ལམ་དང་རྒྱལ་སྤྱིའི་རང་མོས་ཚོང་དོན་ཁུལ་སོགས་ཀྱི་རྣམ་གྲངས་གཉེར་སྐྱོང་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱས་ནས་ས་ཁུལ་གྱི་ཚོང་དོན་ཟོག་འགྲེམས་ལྟེ་གནས་གཏོད་པ་དང་། ཨ་ཧྥེ་རི་ཁའི་ལུའུ་པན་བཟོ་ཁང་དང་པོ་ཐུན་མོང་ཐོག་གཉེར་སྐྱོང་ཡག་པོ་བྱེད་པ། ཅི་པོའུ་ཐིར་དཔལ་འབྱོར་འཛུགས་སྐྲུན་ལ་མཁོ་བའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་རོགས་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ནས་ཅི་པོའུ་ཐི་ཕྱོགས་ཀྱིས་སྲིད་གཞུང་དབར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་བསྒྲུབས་ནས་ཨ་ཧྥེ་རི་ཁའི་ཟུར་ཁུལ་དང་ཐ་ན་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    ཀའེ་ལའེ་ཡིས་གསུངས་དོན། ང་ཀྲུང་གོར་འཚམས་འདྲིར་ག་དུས་ཡོང་རུང་སོ་སོའི་ཕ་ཡུལ་དུ་ལོག་པ་ལྟ་བུའི་ཚོར་སྣང་ཟབ་མོ་ཡོང་གི་འདུག ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་བཀོད་སྒྲིག་བྱས་པར་ཐུགས་རྗེ་ཆེ་ཞུ། ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་ལོ་45བརྒྱུད་པ་དེ་ནི་ཀྲུང་གོ་འཕེལ་རྒྱས་མྱུར་པོ་དང་ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་མཉམ་དུ་ཕྱིན་པའི་ལོ་45རེད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐིའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་རྩ་ཆེའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།